རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་ནད་ཡམས་ཀྱི་རྐྱེན་ཁྱིམ་སྡོད་བཀའ་ཁྱབ་བཏང་འདུག

2021.05.05
རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་ནད་ཡམས་ཀྱི་རྐྱེན་ཁྱིམ་སྡོད་བཀའ་ཁྱབ་བཏང་འདུག བཞུགས་སྒར་རྡ་རམ་སཱ་ལ། ༤།༢༤།༢༠༢༡
མཐུན་འགྱུར་པར་རིས།/RFA

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ཛ་དྲག་ཏུ་ཕྱིན་པར་བརྟེན་མངའ་སྡེ་གཞུང་གིས་ཉིན་བཅུའི་རིང་ཁྱིམ་སྡོད་བཀའ་ཁྱབ་བཏང་འདུག
རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་ཉེ་ལམ་ནས་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་བྱུང་པའི་ནད་པ་ཇེ་མང་དུ་འགྲོ་བཞིན་པའི་ཛ་དྲག་གི་གནས་སྟངས་རྐྱེན་པས། མངའ་སྡེ་གཞུང་གིས་འདི་ཚེས་༦་ཉིན་གྱི་མཚན་མོ་ནས་ཚེས་༡༦་བར་ཉིན་བཅུའི་རིང་ཁྱིམ་སྡོད་བཀའ་ཁྱབ་བཏང་བའི་ནང་། ཕྱིར་གང་བྱུང་འགྲོ་བསྐྱོད་མི་ཆོག་པའི་ཁྲིམས་གཞི་ཨང་གྲངས་༡༤༤་ལག་བསྟར་ཁྱབ་བསྒྲགས་བྱས་ཡོད་པ་རེད། དེའི་ནང་གཙོ་བོ་ཆུ་དང་གློག གཙང་སྦྲ་འཕྲོད་བསྟེན་སོགས་མི་མང་གི་དགོས་མཁོ་དང་འབྲེལ་བའི་ལས་ཁུངས་ཁག་སྒོ་ཕྱེ་རྒྱུ་ལས་གཞན་གཞུང་སྒེར་ལས་ཁུངས་ཚང་མ་སྒོ་རྒྱག་དགོས་པ་མ་ཟད། མངའ་སྡེ་གཞན་ནས་ཡོང་མཁན་ཚོར་ཚོུད་༧༢་མ་བརྒལ་བའི་(RT-PCR)་ཞེས་པའི་ནད་ཡམས་མེད་པའི་བརྟག་དཔྱད་དཔང་ཡིག་དགོས་བ་དང་། སློབ་གྲྭ་ཁག་ཕྱི་ཟླ་༥་ཚེས་༣༡་བར་སྒོ་རྒྱག་རྒྱུ། འཛིན་རིམ་བཅུ་བའི་མཐའ་མའི་ཡིག་རྒྱུགས་གཏོང་མ་དགོས་པའི་ཐོག་ནས་འཛིན་གྲྭ་སྤར་རྒྱུ་སོགས་ཀྱི་ཐག་གཅོད་གནང་ཡོད་འདུག
དེའི་ཐད་བདེ་ལེགས་སྨན་ཁང་གི་སྨན་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ཉེ་ལམ་ནས་རྒྱ་གར་ནང་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཤུགས་ཆེར་སོང་བ་ནི། ཉེ་ལམ་རྒྱ་གར་ནང་འོས་བསྡུའི་ལས་རིམ་དང་འབྲེལ་ནས་མི་མང་འདུ་འཛོམས་ཆེ་བ་དང་། ཆོས་ཕྱོགས་ཀྱི་འདུ་འཛོམས་མང་བ། གཞན་འགོག་ཁབ་སླེབས་པ་ལ་བརྟེན་ལྷོས་གཡེང་ཤོར་བ་སོགས་ཀྱི་རྐྱེན་ཡིན། དེ་བས་ཚང་མས་ཁ་རས་གྱོན་པ་དང་། སྤྱི་ཚོགས་རྒྱང་བཀྱེད་བྱེད་པ། འདུ་འཛོམས་མི་བྱེད་པ། བཅས་ལ་དོ་སྣང་གིས་ལྷོད་གཡེང་ཤོར་མི་ཉན་པ་ལམ་སྟོན་གནང་གི་འདུག
གནས་ཚུལ་ལྟར་ན། འབྲུག་ཕུད་པས་རྒྱ་གར་དང་བལ་ཡུལ་ནང་བཙན་བྱོལ་བོད་མི་གནས་སྡོད་བྱེད་ཡུལ་ས་གནས་ཁག་ཅིག་གི་ནང་། ཉེ་ལམ་ནས་ཏོག་དབྱིབས་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་ཇེ་སྡུག་ཏུ་ཕྱིན་ཡོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་གྲངས་ཐོ་ལྟར་ན། འདི་ཚེས་༥་བར་བཙན་བྱོལ་བོད་མིའི་གནས་སྡོད་རྒྱ་བལ་འབྲུག་གསུམ་ནང་ནད་ཡམས་འགོས་ཡོད་པའི་ནད་པ་གྲངས་༢༥༨༤་བྱུང་ཡོད་པ་དང་། དེའི་ཁྲོད་ནས་༥༩་འདས་གྲོངས་སུ་ཕྱིན་ཡོད་འདུག
ཧི་མ་ཅལ་མངའ་སྡེའི་གཞུང་འབྲེལ་གྲངས་ཐོའི་ནང་གསལ་ལྟར་ན། འདི་ཚེས་༤་ཉིན་ཏོག་དབྱིབས་ནད་ཡམས་ཉིན་གཅིག་གི་འཕར་ཚད་མཐོ་ཤོས་ནད་པ་གྲངས་༣༨༢༤་ཐོན་ཡོད་པའི་ཁྲོད་ནས་༤༨་འདས་གྲོངས་སུ་ཕྱིན་པ་ཡོད་པ་དང་། ད་བར་ཁྱོན་སྡོམ་ནད་པ་གྲངས་༡༡༠༩༤༥་ཐོན་པའི་ཁྲོད་ནས་ནད་པ་༡༦༤༧་འདས་གྲོངས་སུ་ཕྱིན་ཡོད་འདུག
དེ་བཞིན་རྒྱ་གར་ནང་ནད་ཡམས་འགོས་ཁྱབ་བྱུང་བ་ནས་ཕྱི་ཟླ་༥་བའི་ཚེས་༥་ཉིན་གྱི་དགོང་མོ་བར། རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་ས་ཡ་ཉི་ཤུ་དང་འབུམ་བདུན་བརྒལ་ནས་མི་གྲངས་འབུམ་གཉིས་དང་གཉིས་ཁྲི་དྲུག་སྟོང་ལྷག་འདས་གྲོངས་སུ་ཕྱིན་ཡོད།
སྤྱི་ལོ་༢༠༡༩ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༢༣་བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་བརྒྱ་དང་ལྔ་ཅུ་ལྔ་བཞི་བརྒལ་ཡོད་པའི་ཁྲོད། མི་གྲངས་ས་ཡ་གསུམ་དང་གཉིས་འབུམ་གསུམ་ཁྲི་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བཙན་བྱོལ་ནང་གི་མི་རབས་གཞོན་པ་རྣམས་ལ་བོད་ནང་གི་ཛ་དྲག་གནས་སྟངས་ངོ་སྤྲོད་བྱ་ཆེད། སྙིང་སྟོབས་ཀྱི་འབོད་སྒྲ ཅེས་པའི་གཏམ་བརྗོད་གཟིགས་འབུལ་ཞུ་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎