སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ལྷན་ཚོགས།
2009.12.07
༄༅༎རེས་གཟའ་ཟླ་བ་ཉིན་གྲན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧེ་གེན་དུ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འཛམ་གླིང་གི་རྒྱལ་ཁབ་༡༩༢ཡི་སྐུ་ཚབ་རྣམ་པས་སའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་ལྷན་ཚོགས་དེ་འགོ་འཛུགས་གནང་ཡོད་པ་རེད་
གོང་ཞུས་ཀྱི་ལྷན་ཚོགས་དེ་ཉིན་གྲངས་བཅུ་གཉིས་རིང་བསྐྱངས་གནང་རྒྱུ་ཡིན་ཞིང་སྐབས་དེར་འཛམ་གླིང་ཡུལ་ཁག་གི་སྐུ་ཚབ་རྣམ་པས་ཉི་མའི་ཚ་དྲོད་བཀག་པར་བྱེད་པའི་ཁའར་སྦོན་ཞེས་པའི་དུག་རླངས་དེ་ཉུང་དུ་གཏོང་གནང་རྒྱུའི་ཐོག་གྲོས་མོལ་གནང་རྒྱུ་ཡིན་པ་རེད་ ལྷན་ཚོགས་སུ་ཕེབས་པའི་སྐུ་ཚབ་རྣམ་པས་ཡར་རྒྱས་འགྲོ་བཞིན་པའི་ཡུལ་ཁག་ལ་གོང་ཞུས་ཀྱི་དུག་རྫས་དེ་འགོག་རྒྱུའི་འཕྲུལ་རིག་སོགས་རོགས་རམ་ཆེད་དངུལ་ཨ་རིའི་ཌོ་ལར་འཐེར་འབུམ་མང་པོ་ཞིག་གནང་རྒྱུའི་གནད་དོན་སྐོར་གྲོས་མོལ་གནང་རྒྱུ་ཡིན་པ་རེད་ ཕྱི་ཚེས་བཅོ་བརྒྱད་ཉིན་འཛམ་གླིང་ཡུལ་ཁག་གི་དབུ་འཁྲིད་བརྒྱ་ལྷག་ཚོགས་བཅར་ཞུ་རྒྱུ་ཡིན་ཞིང་སྐབས་དེར་ཨ་རིའི་སྲིད་འཛིན་སྦ་རཀ་ཨོ་སྦ་མ་མཆོག་དང་རྒྱ་ནག་གི་སྲིད་བློན་ལྦན་ཇའི་པའོ་ རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་ སྦ་ར་ཛིལ་གྱི་སྲིད་བློན་ལུ་ཨི་ཛི་ཌ་སིལ་ལྦ་སོགས་ཕེབས་རྒྱུ་ཡིན་པ་རེད་ ད་ཐེངས་ཀྱི་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གདོང་ལེན་གྱི་ལྷན་ཚོགས་དེའི་དམིགས་ཡུལ་ནི་ཕྱི་ལོ་ ༡༩༩༧ ལོར་ཉི་ཧོང་གི་ཀྱིཡོ་ཊོ་གྲོང་ཁྱེར་ནང་བཞག་གནང་བའི་གྲོས་མཐུན་དེར་འགྱུར་བ་གཏང་གནང་ནས་ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོ་ནས་འགོ་འཛུགས་གནང་རྒྱུའི་གྲོས་མཐུན་ཞིག་འཇོག་ཐུབ་པ་གནང་རྒྱུའི་དམིགས་ཡུལ་ཡིན་པ་རེད་ རེས་གཟའ་ཟླ་བའི་ལྷན་ཚོགས་འགོ་འབྱེད་ཀྱི་མཛད་སྒོར་འཛམ་གླིང་གི་དབུ་འཁྲིད་རྣམས་ཀྱིས་ད་ལྟ་ནས་ཛ་དྲག་ཐོག་ཕྱག་ལས་ཞིག་མ་གནང་ན་མི་རབས་རྗེས་མ་རྣམས་ལ་འཛམ་གླིང་ཆགས་འཇིག་གི་གནས་སྟངས་ཤིག་འབྱུང་རྒྱུ་ཡིན་པའི་གློག་བརྙན་ཞིག་གཟིགས་འབུལ་ཞུས་ཡོད་པ་རེད་