གཏེར་སྔོག་ངོ་རྒོལ་མུ་མཐུད་བྱུང་བས་དམག་མི་མང་པོ་བཏང་འདུག


2016.06.01
ཨ་མཆོག་གི་གོང་སྔོན་བླ་རི་ཕྱོགས་སུ་རྒྱ་ནག་དམག་གི་རླངས་འཁོར་མང་པོ་འབྱོར་བཞིན་པ། ༢༠༡༦།༦།༡ ཨ་མཆོག་གི་གོང་སྔོན་བླ་རི་ཕྱོགས་སུ་རྒྱ་ནག་དམག་གི་རླངས་འཁོར་མང་པོ་འབྱོར་བཞིན་པ། ༢༠༡༦།༦།༡
བོད་འབྱོར།

མདོ་ལྷོ་བསང་ཆུ་རྫོང་ཨ་མཆོག་ཡུལ་ཚོའི་བོད་མི་ཚོས་མུ་མཐུད་དུ་གཏེར་ཁ་སྔོག་འདོན་ལ་ངོ་རྒོལ་སྐད་འབོད་བྱས་བར་རྒྱ་ནག་གིས་དམག་མི་མང་པོ་གཏེར་ཁ་སྔོག་ཡུལ་ལ་བཏང་འདུག
དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་བ་ལྟར་ན། ས་གནས་བོད་མི་ཚོས་ཕྱི་ཟླ་༦་ཚེས་༡་ཉིན་མུ་མཐུད་དུ་གཏེར་ཁ་སྔོག་ཡུལ་ལ་གོང་སྔོན་བླ་རིའི་གཏེར་ཁ་སྔོན་འགོག་ཞེས་འཁོད་པའི་འཕྲེད་དར་འཕྱར་ནས། ཁོང་ཚོས་གོང་རིམ་གྱི་ཁྲིམས་དང་མཐུན་པའི་སྒོ་ནས་བོད་ཡུལ་ལ་སྲུང་སྐྱོབ་བྱོས། ཁོར་ཡུག་ལ་སྲུང་སྐྱོབ་བྱོས། བླ་རི་ལ་སྲུང་སྐྱོབ་བྱོས། མི་མང་ལ་འཆམ་མཐུན་དང་བདེ་འཇགས་དགོས། ལྷ་རྒྱལ་ལོ་ཞེས་སྐད་འབོད་བྱས་ཡོད་པ་རེད།
ས་གནས་བོད་མི་ཞིག་གིས་བརྗོད་དོན། དེ་བཞིན་ཚེས་༡་ཉིན་རྒྱ་ནག་གིས་དམག་མི་རླངས་འཁོར་མང་པོ་གཏེར་ཁ་སྔོག་ཡུལ་ལ་བཏང་ནས་སྐོར་སྲུང་བྱས་ཡོད་པ་དང་། ཚོད་དཔག་བྱས་ན་དམག་གི་རླངས་འཁོར་བཅུ་ཕྲག་བརྒལ་བ་ཡོད་པ་ཚང་མའི་ནང་དམག་གིས་བཀང་ཡོད་པ་མཐོང་རྒྱུ་འདུག་ཟེར།
ཕྱི་ཟླ་༥་ཚེས་༣༡་ཉིན་ཨ་མཆོག་གི་སྤྱི་བསང་ཆེན་མོ་དང་འབྲེལ་ས་གནས་བོད་མི་ཚོས་ཡུལ་དེའི་གོང་སྔོན་བླ་རི་ནས་ལོ་མང་རིང་རྒྱ་ནག་གི་གཏེར་འདོན་ཚན་པས་ཚད་ལས་བརྒལ་བའི་གསེར་གྱི་གཏེར་ཁ་སྔོག་འདོན་བྱས་སྟབས། ད་ཆ་ཁོར་ཡུག་གཏོར་སྐྱོན་ཚད་མེད་ཐེབས་བཞིན་པ་དང་། ས་གནས་ཡུལ་མིའི་བར་མ་འཆམ་པ་བྱུང་བཞིན་པ། ལྷག་པར་དུ་གཏེར་ཁ་སྔོག་ཡུལ་ནི་ཨ་མཆོག་དགོན་གྲོང་གཉིས་ཀྱིས་མཆོད་བཀུར་བྱེད་ཡུལ་བླ་རི་ཡིན་པ་སོགས་དེ་མ་ཐག་དེར་འབྱོར་པའི་རྒྱ་ནག་གི་ཉེན་རྟོག་པའི་རྫིག་ཉམས་མདུན་གནས་ལུགས་རྒྱུ་མཚན་བཤད་ནས་ཉིན་གང་ཞུ་འབོད་བྱས་ཡོད་པ་རེད།
གཉན་ཆེན་གོང་སྔོན་བླ་རི་ནི་ཨ་མཆོག་ས་གནས་ཡུལ་མིས་མི་རབས་ནས་མི་རབས་བར་མཆོད་བཀུར་བྱེད་ཡུལ་གྱི་བླ་རི་ཡིན་ཞིང་། རྒྱ་ནག་གི་གཏེར་སྔོག་ཚན་པ་ཁག་གིས་ད་བར་ཚད་ལས་བརྒལ་བའི་གཏེར་ཁ་བསྔོག་འདོན་བྱས་སྟབས། དེ་སྔ་སྤྱི་ལོ་༢༠༡༢་ལོ་བོད་མི་དཀོན་མཆོག་ཚེ་རིང་དང་དོན་གྲུབ་ཚེ་རིང་གཉིས་ཀྱིས་གཏེར་ཁ་སྔོག་ཡུལ་ནས་རང་ལུས་མེར་བསྲེགས་པའི་གནས་ཚུལ་བྱུང་ཡོད་ལ། དེ་བཞིན་ད་བར་ས་གནས་བོད་མི་ཚོས་གཏེར་སྔོག་མཚམས་འཇོག་གི་ཐད་ཡང་ཡང་རེ་ཞུ་བྱས་ཀྱང་ཕན་ནུས་བྱུང་མེད་པ་རེད་འདུག།

གསར་འགོད་པ་ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎