བལ་ཡུལ་གྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཁག་གི་ཚོགས་གཙོ།
2008.12.21
༄༅༎བལ་ཡུལ་གྱི་ཁྲིམས་བཟོའི་འཐུས་མིའི་ལྷན་ཚོིགས་ཀྱིས་གཏན་འབེབས་གནང་བ་ལྟར་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་ཁག་བཅུ་བཞིའི་འཐུས་མི་བསྐོ་འདེམས་ཟིན་ཡོད་ཀྱང་ཚོགས་ཆུང་སོ་སོའི་ཚོགས་གཙོ་སྲིད་དོན་ཚོགས་པ་ཁག་གིས་འདི་མུར་མ་སོང་བར་མགྱོགས་མྱུར་བསྐོ་བཞག་ཡོང་བའི་བསམ་ཤོག་ཕུལ་ཡོད་པ་རེད།
གལ་ཏེ་ཚོགས་ཆུང་ཁག་གི་ཚོགས་གཙོ་བསྐོ་འདེམས་དུས་འགྱངས་སུ་ཕྱིན་ན་རྩ་ཁྲིམས་ཟིན་བྲིས་དུས་ཐོག་ཡོང་རྒྱུར་དཀའ་ངལ་འཕྲད་སྲིད་ལུགས་རྩ་ཁྲིམས་ཟིན་བྲིས་ཚོགས་མི་ཞིག་གིས་འགྲེལ་བརྗོད་གནང་འདུག ཡང་ད་བར་ཚོགས་ཆུང་སོ་སོའི་ཚོགས་གཙོ་བསྐོ་བཞག་ཐུབ་མེད་པས་རྩ་ཁྲིམས་ཟིན་བྲིས་མཇུག་བསྡོམས་ཀྱི་དུས་བཀག་ལ་བསྒྱུར་བ་གཏོང་གལ་ཆེ་ལུགས་ཀོང་རེ་སི་ཚོགས་པའི་འགོ་ཁྲིད་ནི་ལམ་སྦར་ཨ་ཅར་ཡ་ཡིས་གསུངས་གནང་འདུག བལ་ཡུལ་གྲོས་ཚོགས་ཀྱིས་གཏན་འབེབས་གནང་བའི་ལས་འཆར་ཁག་ལ་སྲིད་དོན་ཚོགས་པ་ཁག་མོས་མཐུན་ཡོང་རྒྱུར་དཀའ་ཚེགས་ཆེན་པོ་ཡོད་སྟབས་ལས་དོན་དུས་ཐོག་འགྲུབ་ཐུབ་ཀྱི་མེད་པ་རེད། ཀོང་རེ་སི་སྲིད་དོན་ཚོགས་པས་ཕུལ་བའི་དགོས་འདུན་ཁག་ལ་སྲིད་བློན་པུཤི་པ་ཀ་མལ་རྡ་ཧལ་གྱིས་དགོངས་བཞེས་མ་གནང་ན་རྩ་ཁྲིམས་གསར་བཟོའི་གྲོས་ཚོགས་ཀྱི་ལྷན་ཚོགས་ནང་ཀོང་རེ་སི་ཚོགས་པའི་ཚོགས་མི་བཞུགས་རྒྱུ་མིན་པའི་ཐག་གཅོད་གནང་ཡོད་པ་རེད། ཀོང་རེ་སི་ཚོགས་པའི་དགོས་འདུན་དོན་ཚན་དགུའི་ནང་མའོ་དམར་ཤོག་ཚོགས་པས་བཙན་འཕྲོག་བྱས་པའི་ས་ཁང་དང་རྒྱུ་དངོས་རྣམས་བདག་པོ་སོ་སོར་ཕྱིར་སློག་བྱེད་དགོས་པ་དང་ཅི་སྟེ་འདི་ལོའི་ཕྱི་ཟླ་བཅུ་གཉིས་པའི་ཟླ་དཀྱིལ་ཙམ་ལ་རང་བདག་ས་ཁང་སོགས་རྒྱུ་དངོས་ཕྱིར་སློག་མ་འཐོབ་པ་ཚོར་བལ་གཞུང་ནས་གུན་གསབ་སྤྲོད་དགོས་པ་དང་དེ་བཞིན་མའོ་དམར་ཤོག་ཚོགས་པའི་གཞོན་ནུ་དྲག་སྤྱོད་སྒྲིག་འཛུགས་རྩ་མེད་བཟོ་དགོས་པ་སོགས་འཁོད་ཡོད་པ་རེད༎