ཨ་རིའི་སྲིད་འཛིན་འོས་ཐོབ་པས་༧གོང་ས་མཆོག་དང་མཇལ་དགོས།
2016.12.09

ཨ་རི་དང་བོད་དབར་ལོ་རྒྱུས་ཐོག་འབྲེལ་བ་དམ་ཟབ་ཡོད་པ་དེ་རྒྱུན་སྐྱོང་གནང་ཕྱིར་ཨ་མི་རི་ཀའི་སྤྱི་མཐུན་ཚོགས་པའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་ཨ་རིའི་སྲིད་འཛིན་འོས་ཐོབ་པ་ཌོ་ནལཌ་ཏྲ་རམཔ་(Donald Trump)ཡིས་ཨ་རི་དང་བོད་དབར་ལོ་རྒྱུས་ཐོག་འབྲེལ་བ་དམ་ཟབ་ཡོད་པ་དེ་རྒྱུན་སྐྱོང་གནང་ཕྱིར་བོད་ཀྱི་དབུ་ཁྲིད་བླ་ན་མེད་པ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་འཕྲད་ཞུ་དགོས་བའི་སྐུལ་ལྕག་གནང་འདུག
the Hill་ཞེས་པའི་ཨ་རིའི་གྲོས་ཚོགས་ཀྱི་གསར་ཤོག་གིས་འདི་ཚེས་༨་ཉིན་གནས་ཚུལ་སྤེལ་དོན་ལྟར་ན། ཨ་རིའི་མངའ་སྡེ་Wisconson་ནས་ཡིན་པའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མི་Jim Sensenbrenner་མཆོག་གིས། ཨ་རིའི་སྲིད་འཛིན་འོས་ཐོབ་པ་ཌོ་ནལཌ་ཏྲ་རམཔ་(Donald Trump)་ལ་ཕྱག་ཡིག་གཅིག་ཕུལ་ནས། ཌོ་ནལཌ་ཏྲ་རམཔ་(Donald Trump)་ཡིས་ཨ་རིའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་སུ་འཛམ་གླིང་གི་དབུ་ཁྲིད་མང་པོ་ཞིག་དང་མཇལ་འཕྲད་གནང་རྒྱུའི་གྲ་སྒྲིག་གནང་བཞིན་པའི་གོ་སྐབས་འདི་བཟུང་སྟེ་ཁྱེད་ནས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མཇལ་འཕྲད་ཞུ་དགོས་པའི་སྐུལ་ལྕག་བསམ་འཆར་བཏོན་ཡོད།
ཕྱག་ཡིག་ནང་། ཕྱི་ལོ་༢༠༠༨་ལོར་ངོས་རང་ལ་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་། མི་ལོ་༥༧་བཙན་བྱོལ་ནང་ཆིབས་བསྒྱུར་བསྐྱངས་པ་ནས་བཟུང་༧གོང་ས་མཆོག་གིས་བོད་དང་རྒྱ་ནག་དབར་གྱི་དཀའ་རྙོག་དེ་བཞིན་འཚེ་མེད་ཞི་བའི་ལམ་ནས་སེལ་རྒྱུའི་རྒྱབ་སྐྱོར་བརྟན་པོ་དང་ཤུགས་ཆེ་གནང་ཡོད། ༧གོང་ས་མཆོག་གིས་འཚེ་མེད་ཞི་བའི་ལམ་ནས་རྒྱ་ནག་གཞུང་གིས་བོད་ནང་བཙན་དབང་ལ་ངོ་རྒོལ་གནང་སྟབས། ཕྱི་ལོ་༡༩༨༩་ལོར་མགོན་པོ་གང་ཉིད་ལ་ནོ་བེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཞུས་པ་དང་། ཡང་༧གོང་ས་མཆོག་ལ་ཕྱི་ལོ་༢༠༠༧་ལོར་ཨ་རིའི་སྲིད་འཛིན་George W Bush་མཆོག་གིས་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་འབུལ་བཞེས་ཞུས་པ་དེ་དག་ནི་༧མགོན་པོ་གང་ཉིད་འཚེ་མེད་ཞི་བའི་ལམ་ནས་བོད་དོན་འཐབ་རྩོད་གནང་བར་ངོས་འཛིན་ཞུས་པ་ཞིག་ཡིན་སྐོར་གསུངས་འདུག
ད་དུང་གོང་ཞུས་གྲོས་ཚོགས་འཐུས་མིས་བོད་མི་རྣམས་ལ་རང་གི་ཆོས་དང་རིག་གཞུང་སྐད་ཡིག་བཅས་པ་མི་ཉམས་བརྒྱུད་འཛིན་བྱ་རྒྱུའི་ཐོབ་ཐང་དགོས་ན་ཡང་། རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཀྱི་གནས་བབས་ངོས་ལེན་བྱེད་ཀྱི་མེད་པ་དང་། བོད་མིས་ཞི་བའི་ངོ་རྒོལ་ལ་དྲག་གནོན་བྱེད་ཀྱི་ཡོད་སྐོར་ཡང་གསུངས་འདུག
དེ་མིན་ཡང་ཕྱག་ཡིག་དེའི་ནང་། འདས་པའི་དུས་རབས་ཕྱེད་ཙམ་གྱི་ནང་ཨ་རི་དང་བོད་གཞུང་། དེ་བཞིན་བོད་མིའི་དབར་འབྲེལ་བ་དམ་ཞིང་ཟབ་པ་ཆགས་ནས་གནས་མུས་སུ་ཡོད་ལ། སྐུ་ཉིད་མཆོག་གིས་བོད་དང་ཨ་རིའི་དབར་གྱི་ལོ་རྒྱུས་ཀྱི་འབྲེལ་བ་དེ་མུ་མཐུད་དུ་རྒྱུན་སྐྱོང་གནང་རྒྱུར་ངས་སྐུ་ཉིད་མཆོག་ལ་རེ་བ་བཅོལ་བ་ཡིན། ད་དུང་བོད་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་གཉིས་དབར་ཞི་བདེ་གོང་འཕེལ་གཏོང་བའི་ཐུགས་རེ་གནང་གི་ཡོད་ཞེས་བཀོད་འདུག།
གསར་འགོད་པ་སེང་གེ་རི་བསོད་མས་ལྷ་མོ་དང་། སྟག་ལྷ་རྒྱལ།