༸གོང་ས་མཆོག་གིས་རྒྱ་ནག་ནང་ཆོས་མེད་པ་བཟོ་རྒྱུའི་ཐབས་ཤེས་ཇི་ཙམ་བྱེད་ཀྱང་། དེང་སྐབས་རྒྱ་ནག་ནང་ནང་ཆོས་ལ་དོ་སྣང་གསར་པ་སླེབས་པ་ཞིག་ཆགས་ཡོད་ཅེས་བཀའ་སྩལ་བ།

བོད་མིའི་བླ་ན་མེད་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་འདི་ཚེས་ ༣༡ ཉིན་གྱི་ཞོགས་པ་ཆུ་ཚོད་ ༨ ཙམ་ལ་གནས་མཆོག་རྡོ་རྗེ་གདན་གྱི་བོད་དགོན་དགའ་ལྡན་འཕེལ་རྒྱས་གླིང་རྣམ་རྒྱལ་གྲྭ་ཚང་རྒྱལ་བའི་ཕོ་བྲང་ནས་ཀོར་ཧྥུ་རླངས་འཁོར་(Golf Cart) ལ་ཞུགས་སྟེ་དུས་འཁོར་གསུང་ཆོས་རྭ་བར་ཆིབས་སྒྱུར་བསྐྱངས་པ་དང་། སྐབས་དེར་ཕེབས་ལམ་གཡས་གཡོན་དུ་རྒྱལ་ཁབ་དང་མི་རིགས་འདྲ་མིན་གྱི་དད་ལྡན་ཆོས་ཞུ་བ་སྟོང་ཕྲག་བརྒལ་བས་ལག་ཏུ་མཇལ་དར་དང་མེ་ཏོག་སོགས་བསྣམས་ཏེ་ཕེབས་བསུ་དང་ཞལ་མཇལ་ཞུས་ཡོད་པ་རེད།
དེ་རྗེས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྒྲོལ་མ་ཉེར་གཅིག་གི་རྗེས་གནང་བཀའ་དྲིན་སྩལ་བ་དང་འབྲེལ་བཀའ་སློབ་ཕེབས་དོན་དུ་རྒྱ་ནག་ནང་ཆོས་མེད་པ་བཟོ་རྒྱུའི་ཐབས་ཤེས་ཇི་ཙམ་བྱེད་ཀྱང་། དེང་སྐབས་རྒྱ་ནག་ནང་ནང་ཆོས་ལ་དོ་སྣང་གསར་པ་སླེབས་པ་ཞིག་ཆགས་ཡོད་ཅེས་བཀའ་སྩལ་བ།
དེ་བཞིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ཧོར་བོད་གསུམ་སངས་རྒྱས་ཀྱི་ཆོས་ལ་དམིགས་བསལ་གྱི་ལས་འབྲས་ཡོད་བསྡད་པ་ཞིག་ཆགས་ཡོད་པ་བཀའ་སྩལ་སོང་།
ཡང་ད་རེས་ཀྱི་གསུང་ཆོས་གྲུབ་ཚམས་གསུང་ཆོས་གོ་སྒྲིག་ཚོགས་ཆུང་ཏཱ་ལའི་བླ་མའི་དགེ་རྩ་ཚོགས་པའི་འགན་འཛིན་སྐུ་ཞབས་འཇམ་དཔལ་ཆོས་བཟང་ལགས་ཀྱིས། ཉིན་གསུམ་གྱི་གསུང་ཆོས་ཀྱི་རྩིས་ཁྲ་ཁག་མང་ཚོགས་ལ་སྙན་སྒྲོན་ཞུས་ཡོད་པ་དང་། ཐེངས་འདིའི་གསུང་ཆོས་ཐོག་ཁྱོན་ཞལ་འདེབས་སྒོར་(༥༤༡༡༨༨༠༨)འབུམ་ལྔ་བརྒྱ་བཞི་བཅུ་ཞེ་གཅིག་དང་གཅིག་ཁྲི་བརྒྱད་སྟོང་བརྒྱད་བརྒྱ་བཅུ་མེད་བརྒྱད་དང་ཁྱོན་འགྲོ་གྲོན་(༥༤༡༡༨༨༠༨)འབུམ་ལྔ་བརྒྱ་བཞི་ཅུ་ཞེ་གཅིག་དང་གཅིག་ཁྲི་བརྒྱད་སྟོང་བརྒྱད་རྒྱ་བཅུ་མེད་བརྒྱད་བཅས་ཡིན་འདུག
ཐེངས་འདིའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་གསུང་ཆོས་ཐོག་དཔལ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག ས་སྐྱའི་ཁྲི་འཛིན་རྣམ་གཉིས་དང་། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་ཆེད་ཕེབས་གནང་ཡོད་པ་མ་ཟད། རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དང་མངའ་སྡེའི་ཆོས་རིག་གཙོ་འཛིན་སྐུ་ཞབས་འཇམ་དཔལ་དབང་འདུས་ལགས་ཆེད་ཕེབས་གནང་ཡོད་འདུག དེ་བཞིན་རྒྱ་གར། འབྲུག། བལ་ཡུལ་དང་། ཕྱི་རྒྱལ་ཡུལ་དྲུ་ཁག་འདྲ་མིན་ནས་ཁྱོན་དད་ལྡན་ཆོས་ཞུ་བ་མི་གྲངས་༦༥༠༠༠ ལྷག་ཕེབས་ཡོད་པ་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་སྟེང་གསལ་འདུག
གསར་འགོད་པ། པ་སངས་ཚེ་རིང་།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།