དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་།
2012.04.13
༄༅༎ཕྱི་ཟླ་བཞི་པའི་ཚེས་༡༢ནས་ཚེས་༡༦བར་བཞུགས་སྒར་རྡ་རམ་ས་ལའི་རྡ་ས་སྟོད་པ་སྐྱིད་སྡུག་ཚོགས་ཁང་དུ་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་ཐེངས་གསུམ་པ་དང་ ས་གནས་བཅུ་བདུན་ནས་ཕེབས་པའི་འཐུས་མི་རྣམ་པར་ཟབ་སྦྱོང་འཚོགས་ཤིང་ ཕྱི་ཚེས་༡༣ཉིན་གྱི་སྔ་དྲོ་ཚོུད་༩པའི་ཐོག་ དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་འགན་འཛིན་དང་བོད་མི་མང་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཀྱིས་གཙོས་སྤྱི་འཐུས་ཟུར་པ་ཁག་ཅིག་དང་ ས་གནས་ཁག་གི་འཐུས་མི་བཅས་ཁྱོན་མི་གྲངས་༤༠བརྒལ་བ་ལྷན་འཛོམས་ཐོག་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་ལགས་ཀྱིས་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱལ་སྤྱི་དང་རྒྱ་ནག་མི་མང་གི་ལྟ་ཚུལ་ རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་སྐོར་གྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ཅིང་ ཚོགས་གཙོ་མཆོག་ནས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་ནས་འགན་འཁྱེར་ཏེ་ ད་བར་མི་མང་ལ་གོ་རྟོགས་སྤེལ་བའི་ལས་འགུལ་མང་དག་ཅིག་སྤེལ་བར་བརྟེན་ ཕན་ཐོགས་ཧ་ཅང་ཆེན་པོ་བྱུང་ཡོད་ དེ་སྐབས་བོད་ནང་བོད་མིས་རང་ལུས་མེར་སྲེག་གཏོང་བའི་ཛ་དྲག་གི་གནས་སྟངས་ཡོང་བཞིན་པར་བརྟེན་ རྒྱ་ནག་གཞུང་གིས་མང་ཚོགས་དང་སྤྱི་ཚོགས་ནང་ ༧གོང་ས་མཆོག་ཁ་བྲལ་རིང་ལུགས་པ་ཡིན་སྐོར་དང་ རང་ལུས་མེར་སྲེག་གཏོང་མཁན་དེ་དག་ཚུལ་མཐུན་མ་ཡིནཔ་སོགས་འཁྱོག་བཤད་ཤུགས་ཆེ་བྱེད་ཀྱི་ཡོད་ རྒྱ་ནག་ཁྱོན་ཡོངས་ནས་དངོས་ཡོད་གནས་ཚུལ་གསལ་པོ་ཤེས་རྟོགས་མེད་པ་གསལ་པོ་རེད་འདུག
རྒྱ་ནག་མི་མང་གིས་ང་ཚོར་ལྟ་སྟངས་གང་འདྲ་ཡོད་ཅེ་ན་ སྤྱི་ཡོངས་ནས་རྒྱ་ནག་གཞུང་གི་སྲིད་བྱུས་ཐོག་ནས་རྒྱ་ནག་སྤྱི་ཚོགས་ནང་རྒྱ་ནག་གི་མི་མང་ཚོར་དངོས་ཡོད་གནས་ཚུལ་རྟོགས་པའི་གོ་སྐབས་མེད་སྟབས་ བོད་ཀྱི་དངོས་ཡོད་གནས་ཚུལ་ཤེས་རྟོགས་ཐུབ་རྒྱུ་ཕལ་ཆེར་ཁག་པོ་ཆགས་ཀྱི་ཡོད་ འོན་ཀྱང་རྒྱ་རིགས་མཁས་དབང་རེ་ཟུང་གིས་དངོས་ཡོད་གནས་ཚུལ་ཤེས་པའི་ཐོག་ནས་རྒྱབ་སྐྱོར་བྱེད་མཁན་ཡོང་གི་ཡོད་ཅིང་ དེ་བཞིན་དབུ་མའི་ལམ་འདི་བོད་པ་ཙམ་གྱི་ཁེ་ཕན་མིན་པར་ རྒྱ་བོད་གཉིས་ཕན་དང་ ཁྱིམ་མཚེས་ཡུལ་གྲུ་ཚང་མར་ཕན་ཐོགས་ཆེན་པོ་ཡོད་སོགས་གསུང་བཤད་གནང་ཡོད་པ་དང་ ད་རེས་ཀྱི་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་ཚོགས་ཆེན་དང་ཟབ་སྦྱོང་དེ་བཞིན་ཕྱི ཚེས་༡༢ཉིན་དབུ་འཛུགས་གནང་སྟེ་ ཉིན་ལྔའི་རིང་འཚོགས་རྒྱུའི་ཚོགས་ཆེན་ཐེངས་གསུམ་པའི་ཐོག་བཀའ་བློན་ཁྲི་པ་ཟུར་པ་ཟམ་གདོང་རིནཔོ་ཆེ་མཆོག་དང་ སྐུ་སྒེར་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་སོགས་ནས་ དབུ་མའི་ལམ་གྱི་སྲིད་བྱུས་ལ་འགན་འཁུར་གནང་ཕྱོགས་དང་ བོད་ནང་རང་ལུས་མེར་སྲེག་གི་དོན་རྐྱེན་ཐད་རྒྱ་ནག་ཤེས་ཡོན་པ་ཚོས་ལྟ་སྟངས་སོགས་ཀྱི་བརྗོད་གཞིའི་ཐོག་གསུང་བཤད་གནང་ཡོད་ཅིང་ དེ་བཞིན་ཚོགས་ཆེན་རིང་ས་ནས་སོ་སོའི་ནང་ལས་འགུལ་སྤེལ་ཕྱོགས་དང་རྒྱུན་ལས་གསར་འདེམས་གནང་རྒྱུ་ཡིན་འདུག