ཐ་སྙད་གསར་པ་འགྲན་བསྡུར་དང་མཁས་པའི་བགྲོ་གླེང་།
2014.11.06
བོད་ཀྱི་སྐད་ཡིག་མི་ཉམས་གོང་འཕེལ་ཆེད་ཐ་སྙད་གསར་པ་འགྲན་བསྡུར་དང་མཁས་པའི་བགྲོ་གླེང་ཐེངས་གཉིས་པ་གནང་འདུག
དེ་ཡང་ཕྱི་ཚེས་༥་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཉེ་འཁྲིས་སུ་ཆགས་པའི་ཤེས་རབ་དགའ་ཚལ་གླིང་དུ་དབུ་འཛུགས་གནང་བའི་བོད་ཀྱི་ཐ་སྙད་གསར་པའི་ཤེས་བྱའི་འགྲན་ཚོགས་ཐེངས་གཉིས་པའི་སྐུ་མགྲོན་གཙོ་བོར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལགས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། ཤེས་རིག་ལས་ཁུངས་ཀྱི་བརྡ་ཆད་གཏན་འབེབས་ཚོགས་ཆུང་གི་རྩོམ་སྒྲིག་ལས་རོགས་ཨོ་རྒྱན་བསྟན་འཛིན་ལགས། བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས། ཤེས་རབ་དགའ་ཚལ་སློབ་གླིང་གི་སློབ་སྤྱི་ཚེ་རིང་གཡུ་སྒྲོན་ལགས་ཀྱིས་དབུས་པའི་དགེ་ལས་སློབ་ཕྲུག་དང་། དེ་བཞིན་སློབ་གྲ་དང་དགོན་སྡེ་ཁག་༡༦་ནས་འགྲན་བསྡུར་ནང་ཞུགས་མཁན་གྲ་བཙུན་དང་། སློབ་ཕྲུག་༨༠་ལྷག་ཚང་འཇོམས་ཀྱིས་ཐོག་མར་སྐུ་མགྲོན་གཙོ་བོ་མཆོག་གིས་ཤེས་རབ་དགའ་ཚལ་གླིང་གི་སློབ་ཟུར་འཇམ་དཔལ་ཡེ་ཤེས་ལགས་ཀྱི་དྲན་རྟེན་རྡོ་རིང་དབུ་འབྱེད་དང་འབྲེལ་སྐུ་མགྲོན་དང་དགེ་སློབ་ཡོངས་ནས་དྲན་རྟེན་རྡོ་རིང་ལ་མཇལ་དར་བསྒྲོན་པའི་རྗེས་སུ་སློབ་གྲའི་ཚོགས་ཁང་ནང་ཚོགས་འདུ་དངོས་སུ་དབུ་འཛུགས་གནང་འདུག སྤྱི་འཐུས་འབའ་པ་སྐལ་བཟང་རྒྱལ་མཚན་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་དེང་དུས་ཡིག་སྒྱུར་བར་གྱི་འབྲེལ་བ་གླེང་བ་ཞེས་པ་དང་། བློ་བཟང་སྨོན་ལམ་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་དྲ་རྒྱའི་རིག་གནས་ཀྱི་འབྲེལ་བ། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་བོད་ཀྱི་སྐད་ཡིག་དང་དེང་དུས་ཀྱི་གསར་འགྱུར་བར་གྱི་འབྲེལ་བ། ཨོ་རྒྱན་བསྟན་འཛིན་ལགས་ཀྱིས་བོད་ཀྱི་བརྡ་ཆད་གཏན་འབེབས་སྐབས་ཀྱི་དཀའ་གནད་བཅས་ཀྱི་བརྗོད་གཞི་ཁག་གི་ཐོག་བགྲོ་གླེང་དང་དྲི་བ་དྲིས་ལན་གནང་འདུག ཐ་སྙད་གསར་པ་འགྲན་བསྡུར་དངོས་སུ་གནང་བའི་རྗེས་སུ་ཤེས་རིག་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་ཀྱིས་འགྲན་ཞུགས་པ་རྩེ་ཕུད་རྣམས་ལ་གཟེངས་རྟགས་བྱ་དགའ་གནང་བ་དང་མཇུག་བསྡོམས་གསུང་བཤད་གནང་འདུག
གསར་འགོད་པ་བསོད་ནམས་ལྷ་མོ།