མཁས་བའི་བགྲོ་གླེང་སྐབས་ཀྱི་དགོངས་འཆར་ལག་བསྟར་དང་ལས་འཆར་སྒྲིག་རྒྱུ་ཡིན་འདུག
བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ནས་གོ་སྒྲིག་གནང་སྟེ། བཞུགས་སྒར་དུ་ཉིན་གྲངས་གཉིས་རིང་། བཙན་བྱོལ་ནང་བོད་ཀྱི་རིག་གཞུང་གི་ད་ལྟའི་གནས་བབ་དང་མ་འོངས་ལམ་སྟོན་གྱི་བརྗོད་གཞིའི་ཐོག མཁས་པའི་བགྲོ་གླེང་གནང་བ་འདི་ཚེས་༡༡ཉིནམཇུག་བསྡོམས་གནང་ཡོད་པ་དང་། འབྲེལ་ཡོད་ཆོས་རིག་ལས་ཁུངས་ཀྱི་རིག་གཞུང་ཚན་པའི་འགན་འཛིན་དོན་གྲུབ་ཚེ་རིང་ལགས་ནས། མཁས་པའི་བགྲོ་གླེང་སྐབས་དགོངས་འཆར་མང་པོ་ཕེབས་བསྡད་པ་ཕྱོགས་བསྡོམས་དང་། ཕྱི་ཟླ་༩པའི་ནང་གཞོན་སྐྱེས་སྒྱུ་རྩལ་པ་དང་ཉམས་ཞིབ་པའི་ཚོགས་འདུ་ཞིག་ཀྱང་བསྐོང་རྒྱུ་ཡིན་ཁར། རྒྱ་གར་ལྷོ་ཕྱོགས་དང་བྱང་ཤར་ཁུལ་གྱི་ས་གནས་ཁག་ཏུ་བོད་ཀྱི་རིག་གཞུང་ཐོག་ལོ་མང་ཞབས་ཞུ་གནང་བསྡད་པའི་ལོ་རྒན་པ་ཚོར་བཀའ་འདྲི་ཞུས་ཏེ་དགོངས་འཆར་ཁག་ཕྱོགས་བསྒྲིགས་རྗེས། ལྷན་ཁང་དུ་རིག་གཞུང་ཚན་པའི་སློབ་སྟོན་པ་ཚོར་ཐ་མའི་གོ་བསྡུར་གྱིས། ལས་འཆར་ལག་བསྟར་བྱེད་དགོས་པའི་རིགས་གཏན་འབེབས་བྱ་འཆར་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཉིན་གཉིས་རིང་གི་མཁས་པའི་བགྲོ་གླེང་དེར་བོད་ཀྱི་རིག་གཞུང་ལ་ཆེད་མཁས་པ་ཚོས། བོད་ཀྱི་རིག་གཞུང་སྤྱི་དང་བྱེ་བྲག་སོ་སོའི་ཆེད་ལས་དང་འབྲེལ་བའི་རིག་གཞུང་ཡར་རྒྱས་རྒྱུན་འཛིན་གནང་སྟངས་ཀྱི་དགོངས་འཆར་རིམ་པ་ཕེབས་ཡོད་ཅིང་། བོད་ཀྱི་སྨན་རྩིས་ཁང་གི་སྨན་པ་རིག་འཛིན་བཟང་མོ་ལགས་ནས། གསོ་བ་རིག་པ་རྒྱ་ནག་དང་རྒྱ་གར་སོགས་གང་དུའང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གནས་ཤུལ་བཞག་ཏུ་དེབ་སྐྱེལ་འགྲོ་བར། སྒེར་དང་ཚོགས་པ་སོགས་ཀྱིས་ནུས་བ་ཐོན་གྱི་མེད་པར་བརྟེན། ཆོས་རིག་ལས་ཁུངས་དང་བཀའ་ཤག་ནས་ཐུགས་སྣང་ལན་འདེབས་ཕུལ་དགོས་པའི་བསམ་འཆར་བཏོན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་རྡོ་རྗེ་གླིང་འཇམ་དབྱངས་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་འགྱུར་མེད་བརྩོན་འགྲུས་ལགས་ནས། སྔར་གྱི་སྲོལ་རྒྱུན་བསྲེ་སླད་མེད་པར་ཉར་ཚགས་བྱ་གལ་ཆེན་པོ་དང་། རིག་གཞུང་ལ་མཁས་དབང་དང་མི་མང་གི་བར་མཐུད་མཚམས་རྒྱག་དགོས་པ་གལ་ཆེན་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
གཞན་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ལྷ་བྲིས་དགེ་རྒན་བསྟན་འཛིན་ནོར་བུ་ལགས་ནས། བོད་མི་ལོ་ཆུང་ཚོར་སྲོལ་རྒྱུན་གྱི་ལག་རྩལ་ངོ་སྤྲོད་བྱེད་རྒྱུ་གལ་ཆེན་པོ་དང་། བཟོ་རིག་པ་སྦྱང་མཁན་ཚོར་ལྟ་སྐྱོང་རོགས་རམ་གནང་གལ་ཆེ་བའི་བསམ་འཆར་ཕུལ་བ་འགྲེལ་བརྗོད་གནང་བྱུང་།
ཆོས་རིག་ལས་ཁུངས་ནས་གོ་སྒྲིག་གི་བོད་ཀྱི་རིག་གཞུང་ཐོག་མཁས་པའི་བགྲོ་གླེང་དེར། རྒྱ་གར་ནང་གི་སྡེ་ཚན་ཁག་འདྲ་མིན་ནས་སེར་སྐྱ་མཁས་པ་༢༥གདན་འདྲེན་ཞུས་ཡོད་ནའང་། མཁས་པ་༢དགོངས་ཞུ་གནང་བ་མ་གཏོགས་གཞན་མཁས་པ་སེར་སྐྱ་ཕོ་མོ་༢༣བཅར་ཏེ། དགོངས་འཆར་ལྷུག་པོར་གསུངས་པ་རྣམས་ཚིག་ཐོ་བརྒྱབས་ཏེ་ལག་བསྟར་བྱ་དགོས་པའི་གལ་གནད་ཀྱི་རིགས། ཆོས་རིག་ལས་ཁུངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཡིན་པ་རེད།
གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།