ཁོང་ནི་བོད་དང་བོད་མིའི་འགྱུར་བ་མེད་པའི་གྲོགས་པོ་ཡིན།
2016.12.22

སྲིད་སྐྱོང་དང་ཨ་རིའི་དོན་གཅོད་བཅས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་བོད་དོན་རྒྱབ་སྐྱོར་བ་ཞིག་དགོངས་པ་རྫོགས་པར་ཐུགས་ཕམ་གསུངས་འཕྲིན་གནང་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གྲོགས་པོ་དང་། བོད་དོན་ལ་རྒྱབ་སྐྱོིར་ཤུགས་ཆེ་གནང་མཁན་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(Benjamin Gilman)་མཆོག་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་གི་(Wappingers Falls)ཟེར་བའི་ས་གནས་སུ་ཉེ་ཆར་ཚེས་༡༧་ཉིན་ཁོང་དགུང་གྲངས་༩༤ལ་ཕེབས་སྐབས་སུ་དགོང་པ་རྫོགས་ཡོད་པར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། བྱང་ཨ་རིའི་བོད་ཀྱི་སྐུ་ཚབ་དོན་གཅོད་སྤེན་པ་ཚེ་རིང་མཆོག བྱང་ཨ་རིའི་བོད་མི་དམངས་སྤྱི་འཐུས་བཅས་ཀྱིས་བོད་མིའི་སྒྲིགས་འཛུགས་ཀྱི་ཚབ་ཞུས་ནས་བློ་ཕམ་དང་བཅས་ཏེ་ཐུགས་གསོ་གནང་སྟེ་དམ་པ་ཁོང་ནི་བོད་དང་བོད་མིའི་འགྱུར་བ་མེད་པའི་གྲོགས་པོ་ངོ་མ་ཞིག་ཡིན་པའི་སྐོར་གསུངས་འདུག
དེ་བཞིན་Gilman་དམ་པ་དེ་ཉིད་ནས་ཨ་རིའི་གྲོས་ཚོགས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་ཚོགས་ཆུང་གི་ཚོགས་གཙོ་གནང་སྐབས་འཆར་ཅན་བོད་ཀྱི་གནད་དོན་དང་འབྲེལ་བའི་སྲིད་བྱུས་གླེང་སློང་གནང་བ་དང་། བོད་དོན་དང་འབྲེལ་བའི་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་ཁྲིམས་
འཆར་ངོ་སྤྲོད་དང་གཏན་འབེབས་གནང་རྒྱུའི་ཐོག་རྒྱབ་སྐྱོར་དང་ཕྱག་རོགས་གནང་ཡོད་པ་སྲིད་སྐྱོང་མཆོག་གི་འཚམས་འཕྲིན་ནང་འཁོད་འདུག
དེ་བཞིན་ཁོང་ནི་སྤྱི་ལོ་༡༩༩༧་ལོའི་སྤྱི་ཟླ་༤་པའི་ནང་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ཌི་སི་རུ་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འཐུས་མིའི་ལམ་ལྷོང་ལྡན་པའི་བོད་དོན་རྒྱབ་ཚོགས་པའི་ཚོགས་ཆེན་ཐེངས་གསུམ་པ་དེ་བསྐོངས་ཚོགས་གནང་ཡོད་པ་དེའི་རྒྱབ་ཏུ་ཕྱག་ལས་གནང་ཡོད་པ་དང༌། ཁོང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་ཁྲིད་ཚོ་དང་ལྷན་དུ་བོད་ནང་གི་གནས་སྟངས་སྐོར་མཇལ་འཕྲད་ཀྱིས་བཀའ་མོལ་གནང་གི་ཡོད་པ་དང༌། དམ་པ་ཁོང་གིས་བོད་དོན་ཐད་བྱས་རྗེས་ཆེན་པོ་བཞག་གནང་བར་བརྟེན་ནས་༧གོང་མཆོག་གིས་ཁོང་ལ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བདེན་པའི་སྒྲོན་མེ་ཞེས་པའི་གཟེངས་རྟགས་དེ་གནང་ཡོད་པ་རེད། བོད་མི་ཚོས་དམ་པ་ཁོང་ལ་གུས་བརྩི་ཆེན་པོ་ཞུ་ཡི་ཡོད་པ་མ་ཚད། ཁོང་གིས་བོད་ཀྱི་གནད་དོན་ཐད་བྱམས་བརྩེ་ལྡན་པའི་བཞེངས་ཕྱོགས་ལ་ང་ཚོས་རྒྱུན་དུ་དྲན་གསོ་ཞུ་རྒྱུ་ཡིན་ཞེས་བཀོད་འདུག
གསར་འགོད་པ་རིག་ལྡན་སྒྲོལ་མ།