རྒྱ་ནག་གི་མཚོ་དམག་བཀོད་བསྡོམས་པ་ Dong Jun རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་དུ་བསྐོ་གཞག་བྱས་འདུག

2023.12.29
རྒྱ་ནག་གི་མཚོ་དམག་བཀོད་བསྡོམས་པ་ Dong Jun རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་དུ་བསྐོ་གཞག་བྱས་འདུག ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༦ ཉིན་རྒྱ་ནག་དང་པ་ཀིསི་ཐན་གྱི་དབར་ Sea Guardians-2020 ཞེས་མཉམ་སྦྲེལ་མཚོ་དམག་གི་སྦྱོང་བརྡར་གྱི་དབུ་འབྱེད་མཛད་སྒོའི་ཐོག་ Dong Jun མཉམ་ཞུགས་བྱས་པའི་རྣམ་པ།
China’s Ministry of National Defense

ཕྱི་ལོ་ ༢༠༢༣ ཟླ་ ༡༠ པའི་ནང་གནས་དབྱུང་བཏང་པའི་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལི་ཧྲང་ཧྥུའི་ཚབ་ཏུ་ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་སྐབས་ ༡༤ པའི་རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཚོགས་ཐོག་ནས་རྒྱ་ནག་གི་མཚོ་དམག་བཀོད་བསྡོམས་པ་ Dong Jun རྒྱལ་སྲུང་བློན་ཆེན་དུ་བསྐོ་གཞག་ཐག་གཅོད་བྱས་པ་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་འདུག

རྒྱལ་སྲུང་བློན་ཆེན་གསར་པར་བསྐོ་གཞག་བྱས་པ་ Dong Jun ནི་དེ་སྔ་རྒྱ་ནག་གི་མཚོ་དམག་བཀོད་བསྡོམས་པར་ ཕྱི་ལོ་ ༢༠༢༡ ཟླ་ ༩ པའི་ནང་གནས་སྤར་བྱུང་པ་ཞིག་ཡིན་ཞིང་། ཕྱི་ལོ་ ༢༠༢༢ ཟླ་ ༡༠ པའི་ནང་ཞི་ཅིན་ཕིང་གི་ལས་ཡུན་གསུམ་པ་གཏན་འབེབས་བྱུང་པའི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ ༢༠ ལྷན་ཚོགས་དེ་གའི་ཐོག་ནས་དམར་ཤོག་ཚོགས་པའི་དབུས་རྒྱུན་ལས་ནང་འདེམས་བསྐོ་བྱུང་ཡོད་པ་རེད།
རྒྱ་ནག་རྒྱལ་སྲུང་བློན་ཆེན་གྱི་ལས་འགན་གཅིག་ནི་མི་མང་བཅིངས་གྲོལ་དམག་གི་འགན་འཁུར་འགོ་ཁྲིད་བྱ་རྒྱུ་དང་མཉམ་རྒྱལ་ཁབ་ཀྱི་དམག་དོན་དང་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མགྲིན་ཚབ་པའི་ལས་འགན་ཡང་འཁུར་གྱི་ཡོད་པ་རེད།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱིས་དེ་སྔ་བསྐོ་བཞག་བྱས་པའི་བདེ་སྲུང་བློན་ཆེན་ལི་ཧྲང་ཧྥུ་ (Li Shangfu) ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༣༠ ནས་གར་སོང་ཆ་མེད་དུ་སོང་སྟེ། རྒྱལ་སྤྱིའི་ཁྱོན་ནས་ཆབ་སྲིད་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་ཆེས་མཐོའི་འགོ་ཁྲིད་རིམ་པའི་འཕོ་འགྱུར་ཐད་ལ་དོ་སྣང་ཆེན་པོ་བྱེད་གཞིར་གྱུར་པ་དང་། དེའི་གཟའ་འཁོར་གཉིས་ཙམ་གྱི་རྗེས་སུ་སྲིད་འཛིན་ཞི་ཅིན་ཕིང་གིས་བསྐོས་པའི་ཕྱི་སྲིད་བློན་ཆེན་ཆིན་ཀང་ཡང་ལམ་འཕྲལ་གནས་དབྱུང་བཏང་པ་སོགས་རྒྱ་ནག་གི་འགོ་ཁྲིད་མཐོ་གྲས་རིམ་པའི་ནང་དུ་འཁྲུགས་ཆ་དོད་པོའི་ངང་དཔོན་རིགས་མང་དག་ཅིག་ཕོ་འགྱུར་ཕྱིན་ཡོད་པ་རེད།

ཕྱི་ཟླ་ ༡༢ ཚེས་ ༢༩ ཉིན་གཏན་འབེབས་བྱེད་པའི་རྒྱལ་ཡོངས་མི་མང་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཚོགས་འདུའི་ཐོག་ནས་ Lu Zhiyuan ཞེས་པ་རྒྱ་ནག་སྤྱི་མང་གི་བློན་ཆེན་དང་། Sun Yeli རྒྱ་ནག་རིག་གཞུང་དང་སྤྲོ་འཆམ་བློན་ཆེན་དུ་བསྐོ་གཞག་བྱས་པ་སོགས་བློན་ཆེན་ལས་ཁུངས་ཀྱི་གོ་གནས་གཞན་ཁག་ཅིག་ལའང་འཕོ་འགྱུར་བཏང་ཡོད་འདུག

གསར་འགོད་པ། བཀྲིས་དབང་ཕྱུག
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎