རྒྱ་གར་དུ་ཚུགས་པའི་རྒྱལ་སྤྱིའི་རྩེད་འགྲན་མཇུག་བསྒྲིལ།
2010.10.14
༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་Commonwealth Gamesཞེས་དེ་སྔ་དབྱིན་ཡུལ་གྱི་དབང་འོག་ཏུ་ཡོད་པའི་རྒྱལ་སྤྱིའི་ཡུལ་ཁག་གི་རྩེད་འགྲན་ཐེངས་༡༩པ་དེ་ཁ་ས་ཚེས་༡༤ཉིན་ལེགས་གྲུབ་ངང་མཇུག་སྒྲིལ་ཡོད་པའི་གནས་ཚུལ་ཐོན་འདུག་༎་
ཟླ་བ་གཅིག་ཙམ་གོང་Commonwealthའགོ་འཛུགས་རན་པའི་སྐབས་Jawaharl Nehruརྩེད་ཐང་ཆེན་མོའི་ནང་ཟམ་པ་ལྡིབས་སྐྱོན་ཤོར་བ་དང་ རྩེད་འགྲན་པ་བཞུགས་སའི་མགྲོན་ཁང་ནང་སྦྲུལ་ཐོན་པ་དང་ རྩེད་འགྲན་པའི་འཕྲོད་བསྟེན་གྱི་ཆ་ནས་བློ་འཚབ་བྱེད་པ་སོགས་གནད་དོན་མང་དག་ཅིག་གི་ཆ་ནས་ཐེངས་འདིའི་རྩེད་འགྲན་གོ་སྒྲིག་ཚགས་ཚུད་ཇི་ཡོང་ཐད་བློ་དོགས་ཆེན་པོ་བྱུང་བར་བརྟེན་ རྒྱ་གར་རྒྱལ་ཁབ་ཀྱི་ཆེ་ཐོངས་ཙམ་མ་ཟད་ དཔལ་འབྱོར་གྱི་ཐད་ནས་ཕྱི་ཕྱོགས་ནས་རྒྱ་གར་ནང་མ་རྩ་འཇུགས་ཕྱོགས་ཐད་དོ་ཕོག་འགྲོ་ཉེན་ཆེ་བའི་སྐོར་མང་པོས་སྔོན་དཔག་བྱས་ཡོད་པ་རེད་ ཡིན་ཡང་ད་ཆ་དངོས་སུ་རྩེད་འགྲན་མཇུག་སྒྲིལ་མཚམས་རྒྱ་གར་གཞུང་གིས་ཐོག་མར་རྩེད་འགྲན་གོ་སྒྲིག་ཞུ་རྒྱུའི་མངོན་འདོད་ལྟར་གྲུབ་འབྲས་ཆ་ཚང་སོན་མ་ཐུབ་ནའང་ མང་པོས་བློ་དོགས་དང་སྔོན་དཔག་བྱས་པ་ནང་བཞིན་ རྒྱ་གར་མི་མང་དང་རྒྱལ་ཁབ་གཉིས་ངོ་ཚ་ཁ་སྐྱེངས་བྱེད་དགོས་པའི་གནས་ཚུལ་ཡང་ཆགས་མེད་པའི་སྐོར་མང་པོས་ངོས་འཛིན་ཞུ་ཡི་ཡོད་འདུག་ དཔེར་ན་རྩེད་འགྲན་དངོས་གཞི་འགོ་འཛུགས་ཀྱི་བདུན་ཕྲག་དང་པོའི་རིང་རྩེད་འགྲན་གྱི་ཕྱག་ཁྱེར་དེ་ཙམ་ཚོང་འགྲེམས་མ་ཐུབ་པར་བརྟེན་ནས་རྩེད་ཐང་ནང་གཟིགས་མོ་བ་ཉུང་ཤས་ལས་མེད་པའི་སྐྱོན་བརྗོད་བྱུང་ཡོད་ཀྱང་ རིམ་པས་ཕྱག་ཁྱེར་གཟིགས་མཁན་མང་དུ་སོང་སྟེ་རྩེད་འགྲན་གྱི་བདུན་ཕྲག་གཉིས་པའི་ནང་རྩེད་ཐང་སྣ་ཚོགས་ཡོད་པའི་གཟིགས་མོ་བ་ཚང་ཁ་ཤིག་ཤིག་བྱུང་ཡོད་པ་རེད་
དེ་བཞིན་ཡང་རྩེད་འགྲན་འགོ་འཛུགས་མ་བྱས་གོང་རྩེད་འགྲན་གྱི་གྲ་སྒྲིག་དུས་ཐོག་དང་འཐུས་ཚང་མེད་པའི་གནད་དོན་ལ་རྐྱེན་པས་ དཔེར་ན་Moody’s Analyticཞེས་པའི་རྒྱལ་སྤྱིའི་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་གིས་Commonwealthརྩེད་འགྲན་འདིའི་ཐོག་རྒྱ་གར་གྱི་ཆེ་ཐོངས་འབུར་འདོན་ཡོང་རྒྱུའི་ཚབ་ཉམ་རྒུད་ཀྱི་ཤུགས་རྐྱེན་ཐེབས་ཏེ་ ཕྱི་ཕྱོགས་ནས་རྒྱ་གར་ནང་མ་རྩ་འཛུགས་མཁན་ཉམ་ཆགས་སུ་འགྲོ་ཉེན་ཆེ་བའི་སྐོར་སྔོན་དཔག་བྱས་ཡོད་པ་རེད་ ཡིན་ཡང་དངོས་ཡོད་ཀྱི་ཆ་ནས་རྩེད་འགྲན་འགོ་འཛུགས་མ་བྱས་པའི་ཕྱི་ཟླ་༩ནས་བཟུང་ད་ཕན་རྒྱ་གར་ནང་ཕྱི་ཕྱོགས་ནས་མ་གནས་ཨ་སྒོར་ཐེར་འབུམ་༢༢ཙམ་གྱི་མ་རྩ་ཁ་བསྣོན་བཙུགས་ཡོད་འདུག་ལ་ དེ་བཞིན་རྩེད་འགྲན་དངོས་གཞི་གཉེར་པའི་བདུན་ཕྲག་གཉིས་ཀྱི་རིང་རྒྱ་གར་གྱི་མ་རྐང་ཁྲོམས་རའི་ནང་འདས་པའི་ལོའི་གསུམ་རིང་ནང་ཚུད་ མ་ཤེར་གྱི་ཚོང་འབྲེལ་མཐོ་ཤོས་བྱུང་ཡོད་པ་རེད་༎