བོད་ནང་བཅའ་སྡོད་སློབ་གྲྭ་ཁག་ཏུ་རྒྱ་ནག་གི་དགེ་རྒན་ཚོས་བོད་ཕྲུག་ཚོར་གང་བྱུང་ཉེས་རྡུང་གཏོང་བཞིན་པ་ནི། ཕྲུ་གུའི་ཐོབ་ཐང་རྡོག་རོལ་བཏང་བ་ཞིག་ཡིན་པ་གསལ་སྟོན།

2024.12.17
བོད་ནང་བཅའ་སྡོད་སློབ་གྲྭ་ཁག་ཏུ་རྒྱ་ནག་གི་དགེ་རྒན་ཚོས་བོད་ཕྲུག་ཚོར་གང་བྱུང་ཉེས་རྡུང་གཏོང་བཞིན་པ་ནི། ཕྲུ་གུའི་ཐོབ་ཐང་རྡོག་རོལ་བཏང་བ་ཞིག་ཡིན་པ་གསལ་སྟོན། བོད་ནང་གི་སློབ་གྲྭའི་རྣམ་པ། ཟླ་ཚེས་མི་གསལ།
AFP

འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་བཏོན་པའི་བོད་ནང་བཅའ་སྡོད་སློབ་གྲྭ་ཁག་ཏུ་རྒྱ་ནག་གི་དགེ་རྒན་ཚོས་བོད་ཕྲུག་ཚོར་ཉེས་རྡུང་གཏོང་བཞིན་པའི་བརྙན་ཐུང་དཔང་རྟགས་སུ་བཀོད་པ་དང་འབྲེལ། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་ཟླ་ ༡༢ ཚེས་ ༡༦ ཉིན་གནས་ཚུལ་སྤེལ་བའི་ནང་། ཉེ་ལམ་ཟླ་ ༡༡ ཚེས་ ༡༨ ཉིན་མདོ་སྨད་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ས་ཁུལ། རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོའི་མི་རིགས་བཅའ་སྡོད་སློབ་ཆུང་དུ། སློབ་གྲྭའི་སློབ་སྤྱི་དང་ས་གནས་དམར་ཤོག་ཚོགས་པའི་དྲུང་ཆེ་ཡིན་པ། རྒྱ་རིགས་ (党青福) ཏང་ཆིན་ཧྥུ་ཟེར་བས། བོད་རིགས་སློབ་ཕྲུག་གཅིག་ལ་ཉེས་རྡུང་ཚབས་ཆེན་གཏོང་བཞིན་པའི་བརྙན་ཐུང་རྒྱ་ནག་གི་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་ཡོད་པ་མ་ཟད། སློབ་གྲྭས་སློབ་སྤྱི་དེར་ཞིབ་འཇུག་འགྲོ་བཞིན་པ་ཡིན་ལུགས་བཤད་ཡོད་ནའང་། ད་ཆ་སློབ་སྤྱིའི་གོ་གནས་ལ་རང་འཇགས་བསྡད་ཡོད་པས། སློབ་སྤྱི་དེ་བཞིན་ངེས་པར་དུ་གོ་ས་གནས་ཕབ་ནས་ཁྲིམས་ལྟར་ཐག་གཅོད་བྱ་དགོས་ཞེས། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་གསལ་སྟོན་གནང་ཡོད་པ་དང་མཚུངས། བོད་ཀྱི་སློབ་གསོ་དང་སྤྱི་ཚོགས་ཉམས་ཞིབ་པའི་འབུམ་རམས་པ་རྒྱལ་ལོ་ལགས་ནས་ཀྱང་། གནས་ཚུལ་འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་མི་རིགས་ཀྱི་ཐོབ་ཐང་། བྱིས་པའི་ཐོབ་ཐང་རྡོག་རོལ་སོགས་ཚབས་ཆེན་ཆགས་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག


བོད་དོན་ལས་འགུལ་བསྟི་གནས་ཁང་གིས་བོད་ནས་འབྱོར་བའི་དཔང་རྟགས་ཁུངས་བཙུན་གྱི་གནས་ཚུལ་ཁག་ཅིག་ཏུ། འདི་ལོའི་ཟླ་ ༡༠ པའི་ནང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ས་ཁུལ་རེབ་ཀོང་ཐུན་རིན་གྲོང་ཁྱེར། ཐོ་རྒྱ་གྲོང་བརྡལ་སྨད་པ་བཅའ་སྡོད་སློབ་ཆུང་དུའང་། སློབ་ཕྲུག་རང་ལོ་ ༡༠ ཡས་མས་ཅན་ཞིག་ཉལ་ཁྲིའི་ཐོག་ནས་མར་ལྷུང་སྟེ་འདས་གྲོངས་སོང་ལུགས་བཤད་པ་དེ་ཡང་། འབྲེལ་ཡོད་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོས་འགན་མ་ཁུར་བར་ཞིབ་འཇུག་མ་བྱས་པ་མ་ཟད། གནས་ཚུལ་གསལ་པོ་ཕྱི་ལ་མི་བཤད་པ་སོགས་བཏོན་ཡོད་ཅིང་། བོད་ཀྱི་སློབ་གསོ་དང་སྤྱི་ཚོགས་རིག་པའི་ཉམས་ཞིབ་པ་འབུམ་རམས་པ་རྒྱལ་ལོ་ལགས་ནས། རྒྱ་མིའི་ལས་བྱེད་དང་དགེ་རྒན་དེ་ཚོར་བོད་ཀྱི་ས་གནས་སུ་ཁྲིམས་ལྟར་ཐག་གཅོད་བྱེད་ཐུབ་རྒྱུ་ཁག་པོ་ཡིན་པ་སྟེ། བོད་རིགས་ས་ཁུལ་ཁག་ནང་རྒྱ་ནག་གི་ས་གནས་གཞུང་གིས་སོ་སོའི་རྩ་ཁྲིམས་རྒྱབ་ཏུ་དོར་ཏེ། རྩ་ཁྲིམས་དང་རྒྱབ་འགལ་གྱི་སྲིད་ཇུས་རབ་དང་རིམ་པ་སྤེལ་ཡོང་གི་ཡོད་པ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པ་ནས་ཀྱང་བརྙན་ཐུང་དེའི་སྐོར་འགོད་སྤེལ་དང་འགྲེལ་བཤད་བཅས་གནང་ཡོད་པས། རྒྱ་གར་ནང་གི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་བསྟན་འཛིན་པ་སངས་ལགས་ནས། རྒྱ་ནག་གཞུང་གིས་བོད་ཕྲུག་ཚོར་ཉེས་རྡུང་བཏང་བ་སོགས་བརྙན་ཐུང་ཁག་ནང་ཚབས་ཆེན་མཐོང་རྒྱུ་ཡོད་པ་འདིས། སློབ་གྲྭའི་རྩིག་པ་ཆེན་པོ་དེའི་རྒྱབ་ཏུ་དེ་ལས་ཀྱང་གནས་ཚུལ་མང་བ་ཞིག་ཏན་ཏན་ལྷག་གི་ཡོད་ངེས་ཡིན་པས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་མང་གཙོའི་ཡུལ་ལུང་ཁག ལྷག་པར་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ཁག་གིས་ངེས་པར་དུ་རྒྱ་ནག་ལ་རྒོལ་གཏམ་གཏོང་དགོས་པ་ཞིག་རེད་ཅེས་གསལ་སྟོན་གནང་གི་འདུག

༢༠༢༣ ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་མཁས་པ་ཚོས། བོད་ནང་བོད་ཕྲུག་ས་ཡ་གཅིག་ཡས་མས་ཤིག་ཕ་མ་དང་ཁ་བྲལ་བཏང་སྟེ། རྒྱ་ནག་གཞུང་གིས་བཅའ་སྡོད་སློབ་གྲྭའི་ནང་བཅུག་ནས་བོད་མིའི་རིག་གཞུང་དང་ཆོས་ལུགས།སྐད་ཡིག་བཅས་བོད་མི་རིགས་ཀྱི་ངོ་བོ་རྩ་མེད་ཀྱི་སྲིད་ཇུས་འཛིན་བཞིན་པའི་ཉེན་བརྡ་བཏང་ཡོད་པ་མ་ཟད། ཉེ་ཆར་ནས་བོད་ཀྱི་ས་ཁུལ་ཁག་ཏུ་མཐོ་སློབ་ཀྱི་ཡིག་ཚད་ནང་བོད་ཡིག་མེད་པར་བཟོས་ཡོད་པར་བརྟེན། དྲ་ལམ་ཁག་ཏུ་བོད་མི་གཞོན་སྐྱེས་ཧ་ཅང་མང་པོས་བསམ་འཆར་ཤུགས་ཆེན་པོ་འདོན་བཞིན་པ་རེད།

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎