བྱང་ཀོ་རི་ཡས་ཁྲིམས་ཐག་བཅད་པའི་ཨ་རིའི་གསར་འགོད་པ།
2009.06.09
༄༅༎རེས་གཟའ་ཟླ་བའི་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་ཉེ་ཆར་བྱང་ཀོ་རི་ཡས་ཨ་མི་རི་ཀའི་གསར་འགོད་པ་བུད་མེད་གཉིས་ལ་མི་ལོ་བཅུ་གཉིས་ཀྱི་ངལ་རྩོལ་བསྒྱུར་བཀོད་ཀྱི་ཉེས་ཆད་ཐག་གཅོད་བྱས་པ་དེ་གཉིས་གང་མགྱོགས་ཨ་རིར་ཕྱིར་ལོག་ཡོང་བའི་འབོད་སྐུལ་གནང་ཡོད་པ་རེད།
ཨ་མི་རི་ཀའི་གསར་འགོད་པ་ལོའོ་ར་ལིང་དང་ཡུ་ན་ལི་གཉིས་ལ་ཉེ་ཆར་ཕྱི་ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན་བྱང་ཀོ་རི་ཡའི་ས་མཚམས་དམག་མིས་འཛིན་བཟུང་བྱས་པའི་རྗེས་བྱང་ཀོ་རི་ཡའི་གཞུང་གིས་ཁོང་གཉིས་ལ་ཁྲིམས་འགལ་གྱིས་བྱང་ཀོ་རི་ཡའི་ས་མཚམས་སུ་འཛུལ་ཞུགས་བྱས་པའི་ནག་ཉེས་བཙུགས་ཏེ་མི་ལོ་བཅུ་གཉིས་ངལ་རྩོལ་བསྒྱུར་བཀོད་ར་བའི་ཉེས་ཆད་ཐག་གཅོད་བྱས་པར་བརྟེན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊོན་མཆོག་གིས་ཁོང་གཉིས་ཐོག་ལ་བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་མི་ཆོས་འཚོ་མཐུན་གྱི་ལྟ་སྐྱོང་ཡོང་བ་དང་གང་མགྱོགས་ཕྱིར་ལོག་གཏོང་རྒྱུའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་པ་མ་ཟད་སྲིད་འཛིན་སྦ་རག་ཨོ་སྦ་མ་མཆོག་གི་འཛིན་སྐྱོང་ལས་ཁང་ནས་ཀྱང་གསར་འགོད་པ་དེ་གཉིས་གློད་འགྲོལ་ཡོང་ཐབས་སུ་ཕྱོགས་གང་གི་ཐད་ནས་འབད་བརྩོན་དང་ཕྱག་ལས་གནང་རྒྱུ་ཡིན་པའི་སྐོར་གསུངས་པ་དང་ལྷག་པར་དུ་བྱང་ཀོ་རི་ཡའི་གཞུང་ཕྱོགས་ནས་བུད་མེད་དེ་གཉིས་ཀྱི་གྱོད་དོན་དང་ཉེ་ཆར་ཕྱི་ཟླ་ལྔ་པའི་ཚེས་ཉི་ཤུ་ལྔ་ཉིན་བྱང་ཀོ་རི་ཡས་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པའི་གནད་དོན་ཐོག་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལྷན་ཁང་གིས་ཉེས་ཆད་ཇི་ལྟར་གཏོང་དགོས་མིན་སྐོར་གླེང་སློང་གནང་བཞིན་པའི་གྱོད་དོན་དེ་གཉིས་མཉམ་བསྲེས་མ་བྱས་པར་ཁག་ཁག་ཏུ་དབྱེ་འབྱེད་བྱས་ཏེ་ཐག་གཅོད་བྱ་དགོས་པའི་རེ་འདུན་གནང་ཡོད་པ་རེད། གསར་འགོད་པ་ལིང་དང་ལི་གཉིས་པོ་ནི་ལོ་ན་སུམ་ཅུ་སོ་གྲངས་ཡིན་པ་དང་ཨ་མི་རི་ཀའི་སྲིད་འཛིན་སྦིལ་ཀི་ལིན་ཊོན་གྱི་ལས་ཐོག་སྐབས་སྲིད་འཛིན་སྐུ་གཞོན་ཟུར་པ་ཨེལ་གོར་དང་མཉམ་འབྲེལ་གྱིས་གསར་འཛུགས་གནང་བའི་ཨ་མི་རི་ཀའི་གྲོང་ཁྱེར་སེན་ཕེ་རན་སིསི་ཀོ་ནང་རྟེན་གཞི་བྱས་པའི་བརྙན་འཕྲིན་ལས་ཁང་གི་ཕྱི་ཕྱོགས་ནས་གནས་ཚུལ་གཏོང་སྤེལ་བྱེད་མཁན་གྱི་གསར་འགོད་པ་ཡིན་པ་རེད།