པ་ཀི་སི་ཐན་དང་ཨ་རིའི་འབྲེལ་ལམ།
2011.05.26
༄༅༎དེ་རིང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས། པ་ཀི་སི་ཏན་ནི་འཇིགས་སྐུལ་དྲག་སྤྱོད་པར་ཁ་གཏད་གདོང་ལེན་བྱེད་པའི་ལས་དོན་ནང་ཨ་རིའི་མཐུན་ཕྱོགས་རྒྱལ་ཁབ་ཡག་པོ་ཞིག་ཡིན་པ་དང། ཨ་རིའི་ཕྱོགས་ནས་འབྲེལ་ལམ་དེ་ཕུགས་རྒྱང་རིང་པོར་གནས་ཐུབ་པའི་འབད་བརྩོན་བྱེད་ཀྱི་ཡོད་ཅེས་གསུང་ཡོད་པ་རེད།
དེ་ཡང་ལྕམ་ཀི་ལིན་ཀྲེན་མཆོག་ཕེ་རེན་སིའི་རྒྱལ་ས་པེ་རེ་སི་དུ་ཚོགས་པའི་དཔལ་འབྱོར་མཉམ་འབྲེལ་དང་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལྷན་ཚོགས་ཐོག་ཚོགས་ཞུགས་གནང་བ་བཞིན། དེ་རིང་གསར་འགོད་པ་ཚོར་གཏམ་བཤད་གནང་བའི་སྐབས། ཁོང་གིས། ཨ་མི་རི་ཀའི་གཞུང་གིས། པ་ཀི་སི་ཏན་ས་ཐོག་ཏུ་འཇིགས་སྐུལ་རིང་ལུགས་པ་རྩ་མེད་བཟོ་ཐབས་ཀྱི་ལས་དོན་ལ་རོགས་རམ་བྱ་རྒྱུའི་གྲ་སྒྲིག་དང་འདུན་པ་ཡོད་ཅེས་དང༌། ཨ་མི་རི་ཀའི་ཕྱོགས་ནས་པ་ཀི་སི་ཏན་གཞུང་གི་འདོད་འདུན་འགྲུབ་རྒྱུར་འདུན་པ་བཅངས་བཞིན་ཡོད་པ་གསུང་ཡོད་པ་ལས་གནས་ཚུལ་ཞིབ་ཕྲ་འགྲེལ་བརྗོད་གནང་མེད་པ་རེད།
ཨ་མི་རི་ཀ་དང་པ་ཀི་སི་ཏན་དབར་གྱི་འབྲེལ་ལམ་ཉེ་དུས་ཇེ་སྡུག་ཏུ་ཕྱིན་ཡོད་པ་དང༌། དེ་ནི་ཨ་མི་རི་ཀས་པ་ཀི་སི་ཏན་གྱི་དཔོན་རིགས་ལ་གནས་ཚུལ་གང་ཡང་མ་བཤད་པར། ཕྱི་ཟླ་ལྔ་པའི་ཚེས་༢ ཉིན་ཨ་མི་རི་ཀའི་དམིགས་བསལ་དམག་དཔུང་གིས་པ་ཀི་སི་ཏན་གྱི་ས་ཐོག་ཏུ་འཇིགས་སྐུལ་དྲག་སྤྱོད་པའི་བྱེད་ལྟེ་ཨོ་ས་མ་སྦིན་ལ་རྡིན་བསད་པ་ནས་བཟུང་འབྲེལ་ལམ་སྡུག་ཏུ་ཕྱིན་ཡོད་པ་རེད།