མི་དམངས་ལ་དྲ་རྒྱ་ལྟ་ཀློག་གི་རང་དབང་སྤྲོད་དགོས།
2011.02.15
༄༅༎དེ་རིང་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཀྲེན་མཆོག་གིས། དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཨི་ཇིབ་ནས་ཨི་རན་བར་མི་དམངས་ཀྱིས་ཆབ་སྲིད་ཀྱི་ལམ་ལུགས་བཅོས་བསྒྱུར་གཏོང་དགོས་པའི་དགོས་འདུན་བཏོན་པའི་ལས་འགུལ་སྤེལ་གྱི་ཡོད་པ་བཞིན། འཛམ་གླིང་གི་དབུ་ཁྲིད་ཚོས་མི་དམངས་ལ་དྲ་རྒྱ་བལྟ་ཀློག་གི་རང་དབང་གི་སྒོ་མོ་འབྱེད་དགོས་ཀྱི་རེད་ཅེས་ནན་བརྗོད་གནང་ཡོད་པ་རེད།
ཨ་མི་རི་ཀའི་མཐོ་རིམ་ཕྱི་འབྲེལ་མི་སྣ་ཞིག་གིས། ཨ་མི་རི་ཀའི་སྲིད་ཇུས་ནི། སྨྲ་བརྗོད་རང་དབང་དང༌། འདུ་འཛོམས་ཀྱི་རང་དབང༌། དྲ་རྒྱ་བལྟ་ཀློག་གི་རང་དབང་དེ་དག་ཐོག་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་བཞིན། ཕྱི་སྲིད་དྲུང་ཆེ་མཆོག་གིས་ཀྱང་སྤྱི་ཚོགས་ཀྱི་འབྲེལ་འཐུད་ཀྱི་རང་དབང་དགོས་པའི་འབོད་སྐུལ་གནང་བ་མ་ཟད། འཛམ་གླིང་གི་རྒྱལ་ཁབ་གཞན་ཚོར་ཡང་མི་དམངས་ལ་དྲ་རྒྱ་བལྟ་ཀློག་གི་རང་དབང་སྤྲོད་དགོས་པའི་ཛ་དྲག་གི་འབོད་སྐུལ་གནང་བ་ཞིག་ཡིན་པ་གསུང་ཡོད་པ་རེད།
དེ་ཡང་ལྕམ་ཀི་ལིན་ཀྲེན་ཡིས་དྲ་རྒྱ་ལེགས་ཉེས་ཀྱི་སྐོར་ལ་གསུང་བཤད་གནང་སྐབས། ཨ་མི་རི་ཀའི་ཕྱོགས་ནས། སྤྱི་དམངས་ཀྱི་རང་དབང་དང༌། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ནང་གི་དྲ་རྒྱ་སོགས་བེད་སྤྱོད་དང་བལྟ་ཀློག་གི་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད་པ་དང༌། དྲ་རྒྱ་བལྟ་ཀློག་གི་རང་དབང་དེ་ནི་ཞི་བདེ་དང༌། ཡར་རྒྱས། དཔལ་ཡོན་གྱི་སྤྱི་ཚོགས་རྒྱུན་གནས་ཐུབ་པའི་ཆ་རྐྱེན་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་སྲིད་གཞུང་གང་ཞིག་གིས་མི་དམངས་ལ་དྲ་རྒྱ་བལྟ་ཀློག་མ་ཐུབ་པ་བཀག་འགོག་བྱས་པ་དང༌། དྲ་རྒྱའི་ཐོག་ལས་འགུལ་སྤེལ་མཁན་ལ་རྡུང་རྡེག་གཏོང་བའི་བྱ་སྤྱོད་དེ་དག་ནི། ཞི་བདེ་དང་ཡར་རྒྱས་ཀྱི་གོ་སྐབས་མེད་པ་བཟོས་པ་མ་ཟད། བྱ་སྤྱོད་དེ་ཡིས་མི་དམངས་ཀྱི་བློ་སྟོབས་ཉམ་ཆག་འགྲོ་གཞིའི་རྐྱེན་དུ་འགྱུར་གྱི་ཡོད་ལ། ལོ་རྒྱུས་ལ་ཕྱི་མིག་བལྟས་ན། ཇི་ཙམ་གྱིས་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱས་པ་དེ་སྤྱི་ཚོགས་ནང་གསར་བརྗེའི་ས་བོན་གྱི་འགྱུར་རྒྱུར་འགྲོ་བ་མཐོང་ཆོས་ཡིན་ཞིང༌། འཛམ་གླིང་གི་དབུ་ཁྲིད་ཚོས་མི་དམངས་ལ་དྲ་རྒྱ་བལྟ་ཀློག་གི་སྒོ་མི་ཕྱེ་སྟེ། མི་དམངས་ཀྱིས་ཆབ་སྲིད་ཀྱི་རང་དབང་དགོས་པའི་དགོས་འདུན་གྱི་འབོད་སྒྲ་ཤུགས་ཆེ་རུ་འགྲོ་བ་ཡོང་སྲིད་ཀྱང། དྲ་རྒྱའི་ཐོག་དམ་བསྒྲགས་བྱས་ན། དེའི་ཉེན་ཁ་ནི། དཔལ་འབྱོར་དང༌། སྤྱི་ཚོགས་བརྟན་ལྷིང་མེད་པ་སོགས་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་རུ་འགྲོ་རྒྱུ་ཡིན་པའི་ཉེན་བརྡ་བཏང་གནང་ཡོད་པ་རེད།