ཨ་རིའི་ཕྱི་སྲིད་བློན་ཆེན་རྒྱ་གར་ནང་འཚམས་འདྲི་གནང་བཞིན་པ།

ལྕམ་ཀི་ལིན་ཊན་མཆོག་ནས་སྔ་ལོ་མུམ་སྦའེ་གྲོང་ཁྱེར་ནང་འཇིགས་བསྐུལ་དྲག་སྤྱོད་པས་ཚུར་རྒོལ་གྱི་གོད་ཆགས་དོན་རྐྱེན་དེར་ཐུགས་གསོ་གནང་བ།

2009.07.18

༄༅༎རྒྱ་གར་ནང་གཞུང་དོན་འཚམས་འདྲི་གནང་བཞིན་པ་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧི་ལ་རི་ཀི་ལིན་ཊན་མཆོག་ནས་སྔ་ལོ་རྒྱ་གར་དཔལ་འབྱོར་ལྟེ་གནས་ཀྱི་གྲོང་ཁྱེར་མུམ་སྦའེ་ནང་གི་འཇིགས་བསྐུལ་དྲག་སྤྱོད་པས་ཚུར་རྒོལ་གྱི་གོད་ཆགས་དོན་རྐྱེན་དེར་ཐུགས་གསོ་གནང་བ་དང་སྦྲགས་གོ་ལ་གཅིག་འགྱུར་གྱི་ངོ་བོའི་ཐོག་ནས་འཇིགས་བསྐུལ་དྲག་སྤྱོད་པར་གདོང་ལེན་བྱེད་དགོས་སྐོར་གསུངས་འདུག

ལྕམ་ཧི་ལ་རི་ཀི་ལིན་ཊན་མཆོག་གི་རྒྱ་གར་གྱི་འཚམས་གཟིགས་འདི་ནི་ཁོང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེར་བསྐོ་བཞག་བྱུང་པའི་རྗེས་ཀྱི་རྒྱ་གར་གྱི་འཚམས་གཟིགས་དང་པོ་དེ་ཡིན་ཞིང་ཁོང་གིས་སྔ་ལོའི་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་གི་འཇིགས་བསྐུལ་དྲག་སྤྱོད་ཀྱི་ཚུར་རྒོལ་གྱི་ལས་འགུལ་དེ་ནི་ཨ་མི་རི་ཀའི་ནང་ཉིས་སྟོང་དགུ་ལོར་དགུ་བཅུ་གཅིག་གི་དོན་རྐྱེན་དང་དེ་བཞིན་གཟའ་པ་སངས་ཉིན་ཨིན་ཌོ་ནེ་ཤི་ཡའི་རྒྱལ་ས་ཇ་ཀར་ཊའི་ནང་འབར་རྫས་གཏོར་རྒོལ་བྱུང་བའི་དོན་རྐྱེན་ཁག་དང་མཚུངས་པ་ཞིག་ཡིན་པ་གསུངས་ཡོད་པ་རེད།

ལྕམ་ཧི་ལ་རི་ཀི་ལིན་ཊན་མཆོག་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་འཚམས་གཟིགས་གནང་བཞིན་པ་དང་གཟའ་ཉི་མའི་ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕེབས་འབྱོར་གནང་རྒྱུ་ཡིན་པ་རེད། ཁོང་མུམ་སྦའེ་དུ་བཞུགས་ཡུལ་ཧཇ་གྱི་མགྲོན་ཁང་དེ་ནི་སྔ་ལོ་ཕྱི་ཟླ་བཅུ་གཅིག་པའི་ནང་འཇིགས་བསྐུལ་དྲག་སྤྱོད་པས་གཏོར་རྒོལ་བྱ་ཡུལ་ཆེ་ཤོས་དེ་ཡིན་པ་རེད།

ཁོང་གིས་འཛམ་གླིང་ནང་ཞི་བདེ་འབྱུང་རྒྱུ་དང་ཕྱོགས་ལྷུངས་དྲག་སྤྱོད་རིང་ལུགས་པ་མེད་པ་བཟོ་ཐབས་སླད་ཨ་མི་རི་ཀའི་ངོས་ནས་རྒྱ་གར་གཞུང་དང་ཨིན་ཌོ་ནེ་ཤི་ཡའི་གཞུང་སོགས་དང་མཉམ་འབྲེལ་གྱི་ལས་དོན་སྤེལ་རྒྱུ་ཡིན་པ་གསུངས་ཤིང་ལྕམ་ཀི་ལིན་ཊན་མཆོག་གིས་ཏཇ་མགྲོན་ཁང་དང་ཉེ་འཁོར་ཨོ་སྦོ་རོའི་མགྲོན་ཁང་ནང་གི་ལས་བྱེད་པ་ཁག་གཅིག་དང་ཆེད་མངགས་མཇལ་འཕྲད་གནང་ཞིང་སྔ་ལོའི་དྲག་རྒོལ་གྱི་དོན་རྐྱེན་དེའི་འོག་མགྲོན་ཁང་གི་ལས་བྱེད་པ་དེ་དག་གི་ནང་མི་སྤུན་མཆེད་འདས་གྲོངས་སུ་གྱུར་ཡོད་པ་དང་དེའི་ཁོངས་སུ་ཏཇ་མགྲོན་ཁང་གི་མགྲོན་གཉེར་ཡང་ཡོད་ཅིང་ཁོང་གི་བཟའ་ཟླ་དང་བུ་གཉིས་ཀ་དྲག་རྒོལ་གྱི་དོན་རྐྱེན་དེའི་འོག་ཚེ་སྲོག་ཤོར་ཡོད་པ་རེད།

འཇིགས་བསྐུལ་དྲག་སྤྱོད་པར་གདོང་ལེན་བྱ་རྒྱུའི་གནད་དོན་དང་དེ་བཞིན་རྡུལ་ཕྲན་མཚོན་ཆ་ཁྱབ་བརྡལ་བཀག་སྡོམ་གྱི་དོན་གནད་ཁག་གི་ད་རེས་ལྕམ་ཧི་ལ་རི་ཀི་ལིན་ཊན་གྱི་རྒྱ་གར་གྱི་འཚམས་གཟིགས་འདིའི་སྐབས་རྒྱ་གར་གཞུང་གི་དབུ་འཁྲིད་རྣམས་དང་མཇལ་མོལ་སྐབས་ཀྱི་གྲོས་གཞི་གཙོ་བོའི་གྲས་ཡིན་པ་རེད།

ལྷག་པར་དུ་ད་རེས་ཀྱི་འཚམས་གཟིགས་འདིའི་སྐབས་ཨ་མི་རི་ཀ་དང་རྒྱ་གར་དབར་གྱི་རྡུལ་ཕྲན་ལས་གཞི་ཚོང་བསྒྱུར་དང་འབྲེལ་བའི་གཞི་རྒྱ་ཆེ་བའི་ཚོང་ལས་ཁག་གཅིག་ལ་གྲོས་མཐུན་ཡོང་རྒྱུའིརེ་བ་ཡང་གནང་བཞིན་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོའི་གསེར་ཁྲི་མངའ་གསོལ་མཛད་སྒོའི་སྐབས་ཀྱི་གནས་སྟངས་གསལ་བའི་ཆུ་ཚོན་རི་མོ་ངོ་མ་ ༤༠ ཚོང་སྒྱུར་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎