གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་།
སེམས་དང་སྲོག་གི་བསྟི་གནས་ཁང་གིས་གོ་སྒྲིག་ཞུས་དོན་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ལོ་༢༠༢༡ཟླ་༡ཚེས་༡༠ཉིན་སའི་གོ་ལའི་གནམ་གཤིས་ཚ་དྲོད་དང་ཁོར་ཡུག་སྲུང་སྐྱོབ་པ་སྙན་གྲགས་ཆེ་བའི་གཞོན་སྐྱེས་ལས་འགུལ་བ་Greta Thunberg དང་། དེ་བཞིན་དེང་དུས་ཚན་རིག་པ་ཁག་ཅིག་དང་ལྷན་དུ་གོ་ལའི་ཚ་དྲོད་ཀྱི་ཛ་དྲག་གནས་སྟངས་The Crisis of Climate Feedback Loops ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་མཛད་རྒྱུ་ཡིན་འདུག
གོང་ཞུས་མཛད་རིམ་ཁག་དགའ་ལྡན་ཕོ་བྲང་ཡིག་ཚང་གི་གཞུང་འབྲེལ་བརྒྱུད་ལམ་ཁག་ནས་བོད་དབྱིན་རྒྱ་སྐད་སོགས་སྐད་རིགས་སྣ་མང་ཐོག་གསུང་བསྒྱུར་གྱིས་ཐད་གཏོང་ཞུ་རྒྱུ་ཡིན་ནའང་། དྲྭ་ལམ་ཐོག་གསན་གཟིགས་གནང་མཁན་ཚོས་ད་ལྟའི་ཏོག་དབྱིབས་ནད་ཡམས་ཀྱི་གནས་སྟངས་འོག་སྤྱི་ཚོགས་འགྱངས་ཁྱད་ལ་སོགས་ལ་དམ་འཛིན་གནང་དགོས་པའི་འབོད་སྐུལ་ཡང་གནང་ཡོད་པ་རེད།
ཡང་མཛད་འཆར་སྔོན་སྒྲིག་གནང་བ་ལྟར་ན། བྱང་ཨ་མི་རི་ཀའི་མི་མང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་བ་འདིའི་ཚེས་༢༧ཉིན་རྒྱལ་སྲས་ལག་ལེན་སོ་བདུན་མ་དང་བློ་སྦྱོང་ཚིག་བརྒྱད་མའི་བཀའ་ཆོས་རྩལ་གནང་རྒྱུ་དང་། བཀའ་དྲི་བཀའ་ལན་གྱི་གོ་སྐབས་གསོལ་སྩལ་གནང་རྒྱུའི་བཀའ་བཞེས་ཐོབ་ཡོད་པ་རེད།
ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་གནས་ནང་སྤེལ་བའི་མཛད་འཆར་གཞིར་བཟུང་ལྟར་ན། ཕྱི་ལོ་ ༢༠༢༡ ཕྱི་ཟླ་དང་པོའི་ཚེས་ལྔ་ནས་བདུན་བར་ཉིན་གྲངས་གསུམ་རིང་། ཀོ་རི་ཡའི་དད་ལྡན་པ་ཚོས་གསོལ་འདེབས་ཞུས་དོན་ལྟར་ཤེས་རབ་སྙིང་པོའི་བཀའ་འཁྲིད་སྩལ་གནང་རྒྱུ་ཡིན་འདུག།