རྒྱ་ནག་གི་ཚན་རིག་པ་ཁག་གཅིག་གིས། བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གིས་གནས་སྡོད་ཡུལ་མི་དང་ཉེ་འཁོར་འཛུགས་སྐྲུན་ལ་ཉེན་ཁ་བཟོ་བཞིན་པ་གསལ་སྟོན་བྱས་འདུག

ཉེ་ལམ་རྒྱ་ནག་གི་ཚན་རིག་པ་ཚོས་ཞིབ་འཇུག་བྱས་པའི་གྲུབ་དོན་དུ། འདས་པའི་ལོ་ངོ་ ༣༦ རིང་གནམ་གཤིས་འགྱུར་ལྡོག་གིས་མཚོ་སྔོན་བོད་མཐོ་སྒང་གི་མཚོ་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་པ་དེས། ས་གནས་ཀྱི་འཛུགས་སྐྲུན་དང་གནས་སྡོད་མི་མང་ལ་ཉེན་ཁ་བསྐྲུན་ཡོད་པ་གསལ་སྟོན་བྱས་ཡོད་སྐོར། རྒྱ་ནག་གི་ (China Daily) བརྒྱུད་ལམ་དུ་འདི་ཚེས་ ༢༤ ཉིན་གནས་ཚུལ་སྤེལ་འདུག
དེ་ཡང་གནས་ཚུལ་དེ་བཞིན་འདི་ཚེས་ ༡༨ རེས་གཟའ་མིག་དམར་ཉིན་རྒྱལ་སྤྱིའི་དུས་དེབ་ (Nature Reviews Earth & Environment) ཞེས་པའི་ནང་ (Institute of Tibetan Plateau Research of the Chinese Academy of Sciences) ཞེས་རྒྱ་ནག་གི་བོད་མཐོ་སྒང་ཞིབ་འཇུག་ལྟེ་གནས་ཁང་གིས་འཁོད་པ་ཞིག་རེད་འདུག་ལ། ཞིབ་འཇུག་སྙན་ཐོའི་རྩོམ་པ་དང་བསྟི་གནས་ཁང་གི་སློབ་དཔོན་ (Ju Jianting) གིས། བོད་མཐོ་སྒང་གི་མཚོའི་མཐོ་ཚད་ལ་འགྱུར་བ་ཕྱིན་པ་དེ་ནི་གོ་ལའི་ཚ་དྲོད་རྒྱས་པའི་གྲུབ་འབྲས་ཡིན་པ་ཉམས་ཞིབ་དཔྱད་རྩོམ་དེའི་ནང་གསལ་སྟོན་གནང་ཡོད་པ་རེད་འདུག མ་ཟད་ཞིབ་འཇུག་གི་འབྲེལ་ཡོད་རྩོམ་པ་པོ་དང་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ (Zhu Liping) གིས་ཀྱང་། མཚོ་སྔོན་བོད་མཐོ་སྒང་གི་མཚོ་རྣམས་ནི་ཨེ་ཤེ་ཡའི་ཆུ་གཙང་མའི་ཐོན་ཁུངས་བརྒྱ་ཆ་ ༧༢ ཉར་ཚགས་བྱེད་པོ་ཞིག་ཡིན་དུས། དེར་འགྱུར་བ་ཕྱིན་པ་དེས་འབྲི་ཆུ་དང་རྨ་ཆུ་ལྟ་བུའི་ཆུ་བོ་ཆེ་ཁག་གི་འཁོར་རྒྱུག་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ངེས་རེད་ཅེས་ China Daily ལ་བརྗོད་འདུག
རྨ་ཆུ་ནི་བོད་མཐོ་སྒང་གི་མཚོ་སྔོན་ཞིང་ཆེན་ནས་འབབ་པའི་འཛམ་གླིང་ཐོག་གི་ཆུ་རྒྱུན་རིང་ཤོས་གསུམ་པ་དང་། འབྲི་ཆུ་ནི་བོད་མཐོ་སྒང་གི་མཚོ་སྔོན་ཞིང་ཆེན་ནས་འབབ་པའི་ཆུ་རྒྱུན་རིང་ཤོས་དྲུག་པ་དེ་ཆགས་ཀྱི་ཡོད་ཅིང་། འབྱུང་ཁུངས་བོད་ཡིན་པའི་ཆུ་བོ་དེ་གཉིས་ནི་ཨེ་ཤེ་ཡའི་ཆུ་བོ་ཆེ་གྲས་ཤིག་ཆགས་ཀྱི་ཡོད་པས། བོད་ལ་ ‘Water Tower of Asia’ ཞེས་ཨེ་ཤེ་ཡའི་ཆུ་བོའི་ལྕོག་མཁར་ཞེས་འབོད་སྲོལ་ཡོད་པ་རེད་འདུག

ཞིབ་འཇུག་སྙན་ཐོའི་རྩོམ་པ་དང་བསྟི་གནས་ཁང་གི་སློབ་དཔོན་ (Ju Jianting) གིས། “འགྱུར་བ་དེ་དག་གིས་ས་གནས་ཀྱི་གནམ་གཤིས་དང་མི་མང་གི་འཚོ་ཐབས་ལ་ཤུགས་རྐྱེན་ཐབས་ཏེ། ས་ཁུལ་གི་ཆར་ཞོད་ཇེ་ཆེར་འགྲོ་བ་དང་། མཚོ་ལུད་པའི་ཉེན་ཁ་བསྐྲུན་པ། དེས་རྟེན་གཞི་བཀོད་སྒྲིག་དང་། འཚོ་བའི་གནས་སྟངས། འབྲོག་ས་བཅས་ལ་གནོད་པ་བཟོ་ཉེན་ཡོད།” ཅེས་ China Daily ལ་བརྗོད་འདུག
བོད་ཀྱི་ཁོར་ཡུག་ཉམས་ཞིབ་པ་དང་བོད་དོན་ལས་འགུལ་བ་རྣམས་ཀྱིས་ལོ་མང་རིང་བོད་ཀྱི་ཁོར་ཡུག་གི་ཛ་དྲག་གནས་སྟངས་ཐད་སེམས་ཚབས་ཤུགས་ཆེ་བྱེད་བཞིན་ཡོད་ཀྱང་། ཐེངས་འདིར་རྒྱ་ནག་གི་ཚན་རིག་པའི་སྡེ་ཁག་ཅིག་གིས་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གིས་མཚོ་སྔོན་མཚོ་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་སྐོར་ཉམས་ཞིབ་བརྒྱུད་གསལ་སྟོན་བྱས་པ་དེ་ནི། ཚན་རིག་པ་ཚོས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་རྐྱེན་པས་མ་འོངས་མཚོ་རྒྱས་ཏེ་ཉེ་འཁོར་གྱི་གྲོང་ཁྱེར་དང་མེ་འཁོར་ལྕགས་ལམ་སོགས་ཀྱི་འཛུགས་སྐྲུན་ལ་ཉེན་ཁ་ཡོང་སྲིད་པ་གསལ་སྟོན་བྱེད་ཆེད་དང་། གཉིས་ནས་རྒྱ་ནག་གཞུང་ངོས་ནས་བོད་ནང་གནམ་གཤིས་འགྱུར་ལྡོག་རྐྱེན་གྱིས་ཉེན་ཁ་འཕྲད་སྲིད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟ་བུར་སྣང་ཞེས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གསུངས་བྱུང་།
འཛམ་ལྷ་ལགས་ཀྱིས་མུ་མཐུད་གསུངས་དོན་ལ། བོད་མཐོ་སྒང་ནི་ཨེ་ཤེ་ཡ་ཁྱོན་ཡོངས་ཀྱི་ཆུ་བོའི་འབྱུང་ཁུངས་ཆེ་གྲས་ཤིག་ཡིན་པས། གལ་ཏེ་བོད་ནང་གནམ་གཤིས་འགྱུར་ལྡོག་རྐྱེན་གྱི་མཚོ་རྒྱས་པ་སོགས་བྱུང་ཚེ་གཤམ་དུ་ཡོད་པའི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ལ་ཡང་དཀའ་ངལ་འཕྲད་ངེས་པ་གསུངས་བྱུང་ལ། ཐེངས་འདིར་རྒྱ་ནག་གི་ཚན་རིག་པ་ཚོས་ཞིབ་འཇུག་གི་གྲུབ་དོན་ལྟར་ན། འདས་པའི་ལོ་ངོ་ ༣༦ རིང་བོད་མཐོ་སྒང་དུ་གནམ་གཤིས་འགྱུར་ལྡོག་ཕྱིན་པ་དེས། མཚོ་སྔོན་གྱི་རྒྱ་ཁྱོན་བརྒྱ་ཆ་ ༢༦ ཇེ་ཆེར་ཕྱིན་ཡོད་པ་དང་། ཆུའི་འབོང་ཚད་སྤྱི་ལེ་གྲུ་བཞི་མ་ ༡༧༠ ཕར་བ། ཆུ་དྭངས་ཚད་བརྒྱ་ཆ་ ༧༢ ཡར་རྒྱས་ཕྱིན་ཡོད་པ་གསལ་སྟོན་དང་། མཚེའུ་ཡི་རྒྱ་ཁྱོན་གནས་སྐབས་རིང་ཇེ་ཆེར་སོང་བ་དེས། ཕྱིའི་སྣོད་བཅུད་འཁོར་སྐྱོད་ཐད་མ་འོངས་དོ་ཕོག་འགྲོ་ངེས་ཙམ་དུ་མ་ཟད། ཉེ་འཁོར་གྱི་འཛུགས་སྐྲུན་སོགས་ཀྱི་བདེ་འཇགས་ལ་ཉེན་ཁ་ཆགས་ངེས་ཡིན་པ་གསལ་སྟོན་བྱས་ཡོད་པ་རེད་འདུག
བོད་ཀྱི་ཚན་རིག་འཚོལ་ཞིབ་ཐེངས་གཉིས་པ་དེ་འགྲོ་བཞིན་པའི་དུས་སྐབས་དང་བསྟུན། ཞིབ་འཇུག་མི་སྣ་ཚོས་མི་མེད་འཕྲུལ་ཆས་ Drone དང་འཕྲུལ་རིགས་བཀོལ་སྤྱོད་ཀྱིས། དངོས་དུས་ལྟ་ཞིབ་ཚོད་འཛིན་མ་ལག་ཅིག་གསར་བཙུགས་བྱས་ཏེ་མ་འོངས་ཨེ་ཤི་ཡའི་ཆུ་མཛོད་ལ་སྐྱེ་ཁམས་སྔོན་བརྡ་མ་ལག་ཅིག་འཛུགས་འཆར་ཡོད་པ་ China Daily ནང་འཁོད་འདུག
གསར་འགོད་པ། རྡོ་རྗེ་སྒྲོལ་མ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།