གནམ་གཤིས་འགྱུར་ལྡོག་གིས་དབུལ་ཕོངས་མིར་གནོད་འཚེ།
2009.06.17
༄༅༎གནམ་གཤིས་འགྱུར་ལྡོག་ཤུགས་ཆེ་འགྲོ་བཞིན་པའི་དཀའ་ངལ་གྱི་གནོད་འཚེ་ཆེ་ཤོས་དེ་སྤྱི་ཚོགས་ནང་དབུལ་ཕོངས་མང་ཚོགས་ལ་འཕྲད་རྒྱུ་ཡིན་པ་དང་དཀའ་ངལ་དེ་བཞིན་ད་ལྟ་རྒྱ་ནག་ལྟ་བུའི་ནང་ཞིང་པ་མང་པོར་འཕྲད་བཞིན་ཡོད་པའི་སྐོར་རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་ཚོགས་པ་གིརིན་པི་སི་དང་ཨོ་སོ་ཕེམ་ཞེས་པའི་རྒྱལ་སྤྱིའི་རོགས་ཚོགས་གཉིས་ཀྱིས་སྙན་ཐོའི་ནང་ཁྱབ་སྤེལ་གནང་ཡོད་པ་རེད།
གནམ་གཤིས་འགྱུར་ལྡོག་གིས་རྐྱེན་པས་དབུལ་ཕོངས་མང་ཚོགས་ལ་ཐད་ཀར་འཕྲད་བཞིན་པའི་གནོད་འཚེ་དེ་ནི་དབུལ་ཕོངས་ངལ་སེལ་གྱི་ལས་འཆར་ལ་དཀའ་ངལ་འཕར་མ་ཞིག་ཏུ་གྱུར་ཡོད་ཅེས་རྒྱ་ནག་གི་དཔལ་འབྱོར་རིག་པ་བ་ཧུ་ཨན་ཀང་ཞུ་བས་གོང་ཞུའི་སྙན་ཐོའི་གླེང་བརྗོད་ནང་བཀོད་པ་རེད།
ཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཁག་གི་གསུངས་ན་གཞུང་གིས་རྒྱལ་ཁབ་འཛུགས་བསྐྲུན་གྱིས་ཡུལ་ནང་དབུལ་ཕོངས་ཀྱི་དཀའ་ངལ་གང་ཙམ་སེལ་ཐུབ་ཡོད་ནའང་འཛུགས་བསྐྲུན་ལས་འཆར་དང་འབྲེལ་དུག་རླངས་མཁའ་དབྱིངས་སུ་ཁྱབ་པའི་ཤུགས་རྐྱེན་གྱིས་གནམ་གཤིས་ལ་འགྱུར་ལྡོག་ཡོང་གི་ཡོད་པ་དང་གནམ་གཤིས་འགྱུར་ལྡོག་ལས་བྱུང་བའི་གནོད་འཚེ་དེས་མཐར་ཐུག་སྤྱི་ཚོགས་ནང་མུ་མཐུད་དབུལ་ཕོངས་བཟོ་རྒྱུ་ཡིན་པ་བཀོད་ཡོད་པ་དང་དེའི་དཔེ་མཚོན་དུ་རྒྱ་ནག་གི་ལྷོ་ཤར་གོ་ཏོང་ཞིང་ཆེན་གྱི་ས་ཁུལ་སྐྱོ་པོ་ཞིག་ནང་སྐབས་འགར་ཆུ་ལོག་དང་ཡང་སྐབས་འགར་ཐན་པ་བསྟན་སྟེ་མང་ཚོགས་ཀྱི་ལོ་ཏོག་དང་ས་ཁུལ་གྱི་གཞུང་ལམ་བཅས་པར་གནོད་འཚེ་རྒྱུན་མི་ཆད་པར་ཕོག་བཞིན་པ་དང་ཕྱོགས་མཚུངས་བྱང་ནུབ་གན་སུའི་ཞིང་ཆེན་གྱི་ས་ཁུལ་ཁག་ཅིག་ནང་ཐན་པའི་དཀའ་ངལ་གྱི་རྐྱེན་པས་མི་མང་ཁྲི་གསུམ་ལྷག་རང་ཁྱིམ་བཞག་ཏེ་ས་ཁུལ་གཞན་ལ་སྤོ་དགོས་པ་དང་གཞན་མི་མང་སྟོང་ཕྲག་མང་པོར་འཐུང་ཆུ་ཚད་ཅིག་ལས་མེད་པའི་དཀའ་ངལ་ལ་གདོང་ལེན་བྱེད་དགོས་འགྱུར་བཞིན་པའི་གནས་ལུགས་མང་པོ་ཞིག་དཔེ་མཚོན་དུ་བཀོད་ཡོད་པ་རེད།