བོད་བསྟན་སྲིད་རྒྱལ་སྐྱོབ་པ་བུ་བཟང་ལགས་ཚེ་ལས་འདས་ཡོད་པ།

བསྟན་སྲིད་རྒྱལ་སྐྱོབ་པ་བུ་བཟང་ལགས་འདས་གྲོངས་སུ་ཕེབས་པ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།

2010.03.27

༄༅༎བོད་བསྟན་སྲིད་རྒྱལ་སྐྱོབ་པ་བུ་བཟང་ལགས་འདས་གྲོངས་སུ་ཕེབས་པ་བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག།

ཁོང་ཕྱི་ལོ་༡༩༣༠ཐམ་པའི་ལོར་སྙེ་མོ་རྫོང་ཁོངས་སྨོན་མཁར་བ་དང་བོན་ཤོད་དུ་འཁྲུངས་ཤིང༌། ཕྱི་ལོ་༡༩༤༢རང་ལོ་བཅུ་གཉིས་ཐོག་བོད་གཞུང་ཀ་དང་དམག་ཁོངས་སུ་འཛུལ་ཞུགས་བྱས་པ་དང་འབྲེལ་སྨན་རྩིས་ཁང་དུ་ལོ་བདུན་ལྷག་རིང་བོད་སྨན་སློབ་སྦྱོང་གནང་ཡོད་འདུག་པ་དང༌། ཕྱི་ལོ་༡༩༥༤ལོ་ནས་བོད་གཞུང་ཆ་དང་སྐོར་སྲུང་དམག་མིའི་སྨན་པ་གནང་ཤིང༌། ཕྱི་ལོ་༡༩༥༨ནས་༡༩༥༩ལོ་སྟོད་བར་ལྷ་སར་གསང་ཐབས་ཀྱིས་རྒྱ་མིའི་གནས་ཚུལ་རྟོག་ཞིབ་ཀྱི་ལས་ཁུར་ཞུས་པ་དང་ལོ་དེ་གའི་ནང་ཛ་དྲག་ངང་དམག་འཐབ་ནང་ཞུགས་ཏེ་ལྷོ་ཁ་བསམ་ཡས་དང༌། རྩེ་ཐང༌། ལྕེ་བདེ་ཞོལ། ལྷུན་རྩེ་རྫོང་སོགས་ཀྱི་ནང་རྒྱ་དམག་དང་འཐབ་འཛིང་ནང་ཞུགས། 

ཕྱི་ལོ་༡༩༦༠ཐམ་པའི་ཟླ་བ་༣པའི་ནང་ཨ་རིར་གསང་བའི་སློབ་སྦྱོང་དུ་བསྐྱོད་དེ་ཕྱི་ལོ་༡༩༦༡ཟླ་༣ཚེས་༡༥ཉིན་གནམ་ཐོག་ནས་བོད་སྨར་ཁམས་རྫོང་ཁུལ་དུ་གནམ་མཆོངས་ཀྱིས་བོད་གནས་ཏར་གཏོང་དང༌། རྒྱ་དམག་དང་འཇབ་རྒོལ་དམག་འཐབ་ནང་ཞུགས་ཀྱང་མང་སྣེ་ཉུང་གིས་མ་བསྟེན་པར་ཕྱི་ལོ་༡༩༦༡ཟླ་༤ཚེས་༡༥ཉིན་རྒྱ་དམག་གི་འཛིན་བཟུང་འོག་ཚུད་དེ་མི་ལོ་༡༨རིང་བཙོན་ཁང་ནང་དཀའ་སྡུག་ཚད་མེད་མྱངས་དགོས་བྱུང་ཡོད་འདུག།

ཕྱི་ལོ་༡༩༧༨ལོར་དངོས་སུ་བཙོན་ཁང་ནས་གློད་བཀྲོལ་ཐོབ་ཁུལ་ཡང་མུ་མཐུད་ངལ་རྩོལ་སྐུལ་འདེད་ཀྱི་བཙོན་རྭའི་ནང་གནས་དགོས་བྱུང་བ་དང་ ཕྱི་ལོ་༡༩༨༠ཐམ་པའི་ལོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་ཞལ་མཇལ་གསུང་ཐོས་ཞུ་རྒྱུའི་དམིགས་ཡུལ་དང་བཅས་ཏེ་རྒྱ་གར་དུ་འབྱོར་ཞིང༌། ཕྱི་ལོ་༡༩༨༢ནས་ཕྱི་ལོ་༢༠༠༣བར་བོད་གཞུང་བདེ་སྲུང་ལས་ཁུངས་ཀྱི་ནང་ཕྱག་ལས་གནང་པ་དང༌། དེ་ནས་ལོ་ཤས་སྔོན་ནད་མནར་གྱིས་བསྣུན་ཏེ་བཙན་བྱོལ་བོད་གཞུང་གི་མཐུན་རྒྱུར་འོག་སྨན་བཅོས་གནང་སྟེ་དྲག་སྐྱེས་ཡག་པོ་བྱུང་ཡོད་ན་ཡང༌། བར་སྐབས་ནད་རྙིང་བསྐྱར་ལངས་ལྟ་བུ་བྱུང་སྟེ་མུ་མཐུད་སྨན་བཅོས་བྱེད་མུས་སུ་ཕྱི་ལོ་༢༠༡༠ཕྱི་ཟླ་༣ཚེས་༢༥ཉིན་འདས་གྲོངས་སུ་ཕེབས་འདུག།

བཙན་བྱོལ་བོད་གཞུང་གི་དྲ་རྒྱའི་ཐོག་ཚེ་འདས་བུ་བཟང་ལགས་སྐུ་འཚོ་ཞུགས་རིང་བོད་བསྟན་སྲིད་མི་རིགས་དང་བཅས་པའི་སླད་དུ་སེམས་ཤུགས་རྩ་བ་ནས་མ་ཆགས་པར་དམ་བཅའ་བརྟན་པོས་མི་ཚེའི་བཟང་མཐའ་འཁྱོལ་བའི་རྒྱལ་གཅེས་བྱས་རྗེས་ཅན་ཞིག་ཡིན་པར་བརྟེན་བཙན་བྱོལ་བོད་གཞུང་བདེ་སྲུང་ལས་ཁུངས་ནས་ཁོང་གི་བྱས་རྗེས་ལ་ཡིད་རངས་བསྔགས་བརྗོད་དང་འབྲེལ་ཚེ་རབས་ཕྲེང་བར་འཕགས་མཆོག་ཕྱག་ན་པདྨོའི་རྗེས་སུ་བཟུང་བའི་སྨོན་འདུན་ཞུ་གི་ཡོད་ཅེས་འཁོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎