བོད་མི་གཉིས་རྒྱལ་སྤྱིའི་ཨོ་རྩལ་འགྲན་ཚོཊ་ལ་ཞུཊ་གནང་རྒྱུ་རེད།
2016.07.19
བོད་མི་ལུས་རྩལ་འགྲན་བསྡུར་བ་ཆོས་དབྱིངས་སྐྱིད་ལགས་དང་སྟོབས་རྒྱལ་ལགས་གཉིས་བྷར་ཛིལ་གྱི་གྲོང་ཁྱེར་Rio De Janeiro་ལ་ཚུགས་རྒྱུའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་ལུས་རྩལ་འགྲན་ཚོགས་ནང་མཉམ་ཞུགས་བྱ་རྒྱུ་ཡིན་འདུག།
དེ་ཡང་རྒྱ་ནག་གི་གཞུང་འབྲེལ་མི་དམངས་དྲ་རྒྱའི་ནང་གནས་ཚུལ་བཀོད་པར་གཞིགས་ན། ཕྱི་ཟླ་༧་ཚེས་༡༨་ཉིན་པེ་ཅིང་དུ་འདི་ལོའི་ཨོ་ལིམ་པིཀསི་ལུས་རྩལ་འགྲན་ཚོགས་སྐབས་རྒྱ་ནག་གི་རུ་ཁག་གཏན་འབེབས་བྱེད་པའི་ཚོགས་འདུ་ཞིག་ཚོགས་པ་དེའི་སྐབས། མཚོ་སྔོན་ཞིང་ཆེན་གྱི་འདུར་རྒྱུག་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་དང་། ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་སྟག་རྩེ་རྫོང་ནས་ཡིན་པ་འབྲིང་རྒྱང་འདུར་རྒྱུག་ལུས་རྩལ་བ་སྟོབས་རྒྱལ་ལགས་གཉིས་འགྲན་ཞུགས་པར་བདམས་ཐོན་བྱུང་ཡོད་འདུག།
ཐེངས་འདིའི་རྒྱ་ནག་གི་ཨོ་ལིམ་པིཀསི་ལུས་རྩལ་འགྲན་ཚོགས་ཀྱི་རུ་ཁག་ནང་ཁྱོན་བསྡོམས་མི་གྲངས་༧༡༡་ཡོད་འདུག་ཅིང་། དེའི་ཁོངས་སུ་ལུས་རྩལ་བ་༤༡༦་ཡོད་པ་ནས་བེུད་མེད་ ༢༥༦་དང་སྐྱེས་པ་༡༦༠་ཐམ་པ་ཡོད་འདུག།
ཆོས་དབྱིངས་སྐྱིད་ལགས་ལ་ཕྱི་ལོ་༢༠༡༢་ལོའི་ལོན་ཊོན་དུ་ཚུགས་པའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་སྐབས་བར་ཐག་སྤྱི་ལེ་༢༠་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་གསུམ་པའི་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ་དེ་ནི། རྒྱལ་སྤྱིའི་ཨོ་ལིམ་པིཀསི་ལུས་རྩལ་འགྲན་ཚོགས་ཀྱི་ནང་བོད་ཀྱི་བེུད་ཅིག་ལ་རྟགས་མ་ཐོབ་པ་ཐོག་མ་དེ་ཆགས་ཡོད་པ་རེད།
ཉེ་སྔོན་རྒྱལ་སྤྱིའི་ལུས་རྩལ་འདུམ་གཅོད་ཁྲིམས་ཁང་གིས། སྐབས་དེའི་ཨུ་རུ་སུའི་ལུས་རྩལ་པ་འགའ་ལུས་རྩལ་འགྲན་བསྡུར་གྱི་སྒྲིག་ཁྲིམས་དང་འགལ་ཏེ་ཁྲིམས་ཆད་ཕོག་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་པ་དང་། དེའི་ཁྲོད་ཕྱི་ལོ་༢༠༡༢་ལོར་ཆོས་དབྱིངས་སྐྱིད་དང་མཉམ་དུ་དངུལ་གྱི་གཟེངསརྟགས་ལེན་མཁན་ཨུ་རུ་སུའི་ལུས་རྩལ་བ་ཁཱ་ནེའུ་ཧྲིན་ཅིན་ནཱ་ཡིས། འགྲན་བསྡུར་སྐབས་ལུས་ངལ་གསོ་བའི་སྨན་བཏུང་ཡོད་པ་ར་འཕྲོད་བྱུང་སྟེ་དངུལ་གྱི་རྟགས་མ་ཕྱིར་བསྡུས་ཡོད་སྟབས། བོད་ཀྱི་འདུར་རྒྱུག་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་ཨང་གཉིས་པར་རིམ་གསབ་བྱས་ནས་དངུལ་གྱི་རྟགས་མ་ཐོབ་ཡོད་འདུག
༡༩༩༤་ལོར་ལྷ་ས་གྲོང་ཁྱེར་སྟག་རྩེ་རྫོང་དུ་སྐྱེས་པའི་སྟོབས་རྒྱལ་ལགས་ནི། ཕྱི་ལོ་༢༠༡༡་ལོ་ནས་བཟུང་མཆོང་རྒྱུག་འཕེན་གསུམ་གྱི་ལུས་རྩལ་རྣམ་གྲངས་ཐོག་སྦྱོང་བརྡར་བྱེད་འགོ་ཚུགས་པའི་རྒྱལ་ཁབ་རིམ་པའི་ཕུལ་བྱུང་གྱི་ལུས་རྩལ་བ་ཞིག་ཡིན་འདུག་ཅིང་། ཕྱི་ལོ་ ༢༠༡༢་ ལོ་ནས་བཟུང་རྒྱ་ནག་ནང་དང་རྒྱལ་སྤྱིའི་ལུས་རྩལ་འགྲན་བསྡུར་མང་པོར་མཉམ་ཞུགས་བྱས་འདུག་པ་མ་ཟད། ཨང་དང་པོའི་གཟེངས་རྟགས་ཀྱང་ཐོབ་མྱོང་ཡོད་པ་ཞིག་ཡིན་འདུག།
གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།