ཆོས་དབྱིངས་སྐྱིད་ལགས་ཡང་བསྐྱར་ཨོ་ལིམ་པིཀསི་རྩེད་འགྲན་ནང་ཞུགས་གཏན་འཁེལ་འདུག

ད་ལོར་སྤྱི་ཟླ་བདུན་པའི་ཚེས་༢༤ནས་བརྒྱད་པའི་ཚེས་༡༡་བར་འཚོག་རྒྱུའི་༢༠༢༤ལོའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་གྱི་འདུར་རྒྱུགས་འགྲན་བསྡུར་ནང་བོད་མི་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་མཉམ་ཞུགས་གནང་གཏན་འཁེལ་བ་འདི་ཚེས་༤ཉིན་རྒྱ་ནག་གཞུང་གིས་བསྒྲགས་འདུག
ཆོས་དབྱིངས་སྐྱིད་ལགས་བུད་མེད་འདུར་རྒྱུགས་སྤྱི་ལེ་༢༠ཅན་དང་། ཕོ་མོ་མཉམ་བསྲེས་ཀྱི་འདུར་རྒྱུགས་འགྲན་བསྡུར་ནང་ཞུགས་རྒྱུ་ཡིན་པ་དང་། འདི་ནི་ཆོས་དབྱིངས་སྐྱིད་ལགས་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་ཞུགས་ཐེངས་བཞི་པ་ཡིན་པ་མ་ཟད། ཁོང་མོ་ནི་ལོ་རྒྱུས་སྟེང་ཨོ་ལིམ་པིཀསི་གསེར་གྱི་རྟགས་མ་ལེན་མཁན་བོད་མི་ཐོག་མར་གྱུར་ཡོད།
ཆོས་དབྱིངས་སྐྱིད་ལགས་ཀྱིས་སྤྱི་ལོ་༢༠༡༢་ལོར་ལོན་དོན་དུ་རྒྱལ་སྤྱིའི་ཨོ་ལིམ་པིཀསི་རྩེད་འགྲན་ནང་སྤྱི་ལེ་༢༠འི་འདུར་རྒྱུགས་འགྲན་བསྡུར་སྐབས་ཆུ་ཚོད་༡་དང་སྐར་མ་༢༥་སྐར་ཆ་༡༦་གྱིས་ཨེ་ཤེ་ཡའི་ལོ་རྒྱུས་ཟིན་ཐོ་བཀོད་ནས་ཟངས་ཀྱི་གཟེངས་རྟགས་རག་ཡོད་པ་དང་། ཨུ་རུ་སུའི་(Russia)་བུད་མེད་འདུར་རྒྱུག་པ་གཉིས་ལ་གསེར་དང་དངུལ་གྱི་རྟགས་མ་རག་ཡོད་ན་ཡང་། རྗེས་སུ་ཁོ་གཉིས་ཀྱིས་འགྲན་བསྡུར་སྐབས་སྨན་རྫས་བེད་སྤྱོད་བྱས་ཡོད་པ་ཤེས་རྟོགས་བྱུང་སྟེ། གཟེངས་རྟགས་དེ་གཉིས་རྩིས་མེད་བཏང་བ་དང་། ཆོས་དབྱིངས་སྐྱིད་ལགས་སུ་གསེར་གྱི་རྟགས་མ་ཐོབ་པ་བསྒྲགས་ཡོད་ཀྱང་། མི་ལོ་༡༡་གི་རྗེས་༢༠༢༣་ལོར་ཁོང་མོར་ཨོ་ལིམ་པིཀསི་གསེར་གྱི་རྟགས་མ་རྗེས་གསབ་བྱས་ནས་དངོས་སུ་སྤྲད་ཡོད་པ་རེད།
ཆོས་དབྱིངས་སྐྱིད་ལགས་ཀྱིས་༢༠༡༢ལོར་ལོན་ཌོན་རྒྱལ་སྤྱིའི་ཨོ་ལིམ་པིཀསི་(Olympics)་རྩེད་འགྲན་སྐབས་གཟེངས་རྟགས་བླངས་བར་ཨ་མདོ་བརྙན་འཕྲིན་ཁང་གི་བཅར་འདྲི་ནང་ཁོང་མོས། ང་རང་ཐོག་དང་པོ་རྒྱལ་སྤྱིའི་རང་བཞིན་གྱི་འགྲན་བསྡུར་དེའི་ནང་ཞུགས་ནས་འདུར་རྒྱུགས་བྱེད་བཞིན་པའི་སྐབས་ལྟད་མོ་བའི་ཁྲོད་ནས་མི་ཞིག་གིས་ཤུགས་རྒྱོབ། ཆོས་དབྱིངས་སྐྱིད། སྲ་ལ་བྱོས་ཞེས་སྐད་རྒྱག་བཞིན་པ་ཐོས་པས་དེས་ང་ལ་སྟོབས་ཤུགས་དང་རེ་བ་མང་པོ་སྩལ་སོང་ཞེས་བཤད་འདུག
སྐབས་དེར་སྲ་ལ་བྱོས་ཞེས་འབོད་མཁན་ལོན་ཌོན་ནང་གནས་སྡོད་དཔལ་ལྡན་ཚེ་རིང་ལགས་ཀྱིས། ཐོག་མར་རེ་བ་རྒྱབ་པ་ལྟར་ཁོང་གིས་སྐད་རྒྱབ་པ་ཆོས་དབྱིངས་སྐྱིད་ལགས་ཀྱིས་གོ་ཐོས་བྱུང་བ་མ་ཟད། སྟོབས་ཤུགས་དང་རེ་བ་མང་པོ་སྩལ་སོང་ཞེས་བཤད་འདུག་པར་དགའ་ཚོར་བྱུང་ཞེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཆོས་དབྱིངས་སྐྱིད་ལགས་ནི་༡༩༩༠ལོར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་འམ་ཧེ་ཡན་རྫོང་ཝ་འཇོག་ཡུལ་ཚོའི་བོད་རིགས་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས་ཞིང་། རྒྱལ་སྤྱིའི་ཨོ་ལིམ་པིཀསི་འགྲན་ཚོགས་སྟེང་གསེར་གྱི་བྱ་དགའ་ལེན་མཁན་གྱི་བོད་པ་ཐོག་མ་དེ་ཡིན་པ་དང་། ཁོང་༢༠༡༠ནང་རྒྱ་ནག་རྒྱལ་ཁབ་ཀྱི་མཆོང་རྒྱུག་འཕེན་གསུམ་རུ་ཁག་ཏུ་ཞུགས་རྗེས། ༢༠༡༢ལོར་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་འཚོགས་པའི་རྒྱལ་སྤྱིའི་ཨོ་ལིམ་པིཀསི་འགྲན་ཚོགས་ནང་ཞུགས་པ་དང་། དེ་བཞིན་སྤྱི་ལོ་༢༠༡༥ལོའི་སི་ཕེན་རྒྱལ་ཁབ་ཏུ་ཚོགས་པའི་རྒྱལ་སྤྱིའི་མཆོང་རྒྱུག་འཕེན་གསུམ་འགྲན་བསྡུར་གྱི་སྤྱི་ལེ་༢༠ཅན་གྱི་བུད་མེད་འདུར་རྒྱུགས་འགྲན་བསྡུར་ཁྲོད་ཨང་གཉིས་པ་དང་། རྒྱ་ནག་རྒྱལ་ཡོངས་རྟིང་རྩོད་འགྲན་བསྡུར་གྱི་ནང་ཡང་སྤྱི་ལེ་༢༠ཅན་གྱི་བུད་མེད་འདུར་རྒྱུག་འགྲན་བསྡུར་ཁྲོད་ཨང་དང་པོ་བཅས་ཐོབ་མྱོང་ཡོད།
གསར་འགོད་པ། ཀླུ་འབུམ།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།