རྒྱ་ནག་གི་དཔོན་རིགས་དང་པ་ཀི་སི་ཏན་སྲིད་བློན་མཇལ་འཕྲད།
2008.10.26
༄༅༎ཁ་ས་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་སྲིད་འཛིན་གཞོན་པ་མཆོག་ནས་པ་ཀི་སི་ཏན་གྱི་སྲིད་བློན་ཇི་ལ་ནི་དང་ནེ་དར་ལེན་ཌིའི་སྲིད་བློན་རྣམ་གཉིས་མཇལ་འཕྲད་གནང་ཡོད་འདུག་ལ་པ་ཀི་སི་ཏན་གྱི་སྲིད་བློན་དང་མཇལ་འཕྲད་གནང་བའི་སྐབས་པ་ཀི་སི་ཏན་གྱི་ངོས་ནས་ཐའེ་ལྦན་དང་བོད་ཀྱི་གནད་དོན་ཐོག་ལངས་ཕྱོགས་གཏན་པོ་འཛིན་པ་དེར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་པ་ཀི་སི་ཏན་དང་མཉམ་འབྲེལ་བའི་འཕེལ་རིམ་སྔར་བཞིན་གནས་ཐབས་ནི་རྒྱ་ནག་གི་ཕྱིའི་སྲིད་བྱུས་གལ་ཆེ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་བསྔགས་བརྗོད་གནང་བས་མ་ཟད་ཡུལ་གཉིས་དབར་དཔལ་འབྱོར་དང་ཚོང་འབྲེལ་གྱི་འབྲེལ་ལམ་ཡར་རྒྱས་གཏང་རྒྱུའི་སྐོར་ཡང་གསུངས་འདུག དེ་དང་ཕྱོགས་མཚུངས་པ་ཀི་སི་ཏན་ངོས་ནས་ཀྱང་རྒྱ་ནག་མཉམ་འབྲེལ་བ་སྔར་བཞིན་གནས་ཐབས་སུ་ཁས་ལེན་བྱས་ཡོད་པ་རེད།
ཡང་ནེ་དར་ལེན་ཌིའི་སྲིད་བློན་དང་མཇལ་འཕྲད་སྐབས་ཉེ་ཆར་ཨོ་ལིམ་པིག་རྩེད་འགྲན་སྐབས་དང་རྒྱ་ནག་ལ་ས་ཡོམ་གྱི་གོད་ཆགས་ཕོག་པའི་སྐབས་སུ་མཐུན་འགྱུར་གནང་བ་རྒྱལ་སྤྱིའི་ནང་དཔལ་འབྱོར་དང་ཆབ་སྲིད་ཀྱི་དཀའ་རྙོག་ཅན་གྱི་གནས་སྟངས་དེ་འདྲའི་སྐབས་འགྱུར་བ་མེད་པའི་ཐོག་ནས་རྒྱ་ནག་ལ་མཐུན་འགྱུར་གནང་བ་ཞིག་ཡིན་སྟབས་ཐུགས་རྗེ་ཆེ་ཞུ་གི་ཡིན་ལ་ཡུལ་གཉིས་ཀྱི་འབྲེལ་ལམ་ད་དུང་ཡར་རྒྱས་མུ་མཐུད་ནས་གཏང་རྒྱུའི་ཐབས་བྱུས་འཛིན་གྱི་ཡིན་ཞེས་གསུངས་འདུག་ལ་ནེ་དར་ལེན་ཌིའི་ངོས་ནས་ཀྱང་རྒྱ་ནག་ལ་ཨོ་ལིམ་པིག་རྩེད་འགྲན་ལམ་ལྷོང་ལྡན་པ་ཞིག་བྱུང་བར་བསྔགས་བརྗོད་ཞུས་འདུག།