ཨ་རིའི་ནེའུ་ཡོག་གི་རྒྱ་མི་ཞིག་གཙོས་མི་ལྔ་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་ཉེས་འཛུགས་བྱས་འདུག
དེ་ཡང་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་གི་(Flushing)་ས་གནས་སུ་གནས་སྡོད་རྒྱ་མི་ཤེས་ལྡན་པ་ཧྲོའུ་ཅོན་ཝང་(Shujun Wang)་ཞུ་བ་ཞིག་གིས། (Queens)་ས་གནས་སུ་དམངས་གཙོའི་ཚོགས་པ་གསར་འཛུགས་བྱས་ཏེ་དོན་དུ་བོད་དང་ཤིང་ཅང་། ཧོང་ཀོང་། ཐེ་ཝན། རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ཚོའི་གནས་ཚུལ་མཁོ་སྒྲུབ་བྱས་པ་དང་། སོ་མྱུལ་བྱས་ཏེ་རྒྱ་ནག་གཞུང་ལ་སྤྲོད་ཀྱི་ཡོད་པའི་དོགས་གཞིའི་འོག་འདི་ཚེས་༡༦་ཉིན་ཨ་རིའི་ཉེན་རྟོག་པས་འཛིན་བཟུང་བྱས་ཡོད་འདུག
དེ་འབྲེལ་ཨ་རིའི་གཞུང་གི་གྱོད་དོན་ཡིག་ཆ་ཞིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ནིའུ་ཡོག་ཤར་ཕྱོགས་ཀྱི་ཨ་རིའི་གཞུང་གི་ཁྲིམས་དོན་ལས་ཁང་གིས་གནང་སོན་བྱུང་བ་དེའི་ནང་། ༢༠༡༦ལོའི་ཕྱི་ཟླ་༡༡ཚེས་༢༨ཉིན་རྒྱ་རིགས་མང་གཙོ་དོན་གཉེར་བ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དོན་གཅོད་མཉམ་འཛོམས་ཀྱི་གསོལ་སྟོན་སྐབས། བོད་མི་༤༠་དང་། རྒྱ་རིགས་དམངས་གཙོ་དོན་གཉེར་བ་༦༠ནས་༧༠ཙམ་མཉམ་ཞུགས་བྱས་ཡོད་པ་དེ་དག་གི་གནས་ཚུལ་རྒྱ་ནག་གཞུང་ལ་ཧྲོའུ་ཅོན་ཝང་དང་འབྲེལ་ཡོད་ཚོས་མཁོ་སྤྲོད་བྱས་ཡོད་པ་བཀོད་འདུག
གྲོང་ཁྱེར་ནེའུ་ཡོག་གི་(Brooklyn)་ས་གནས་གཞུང་གི་ཁྲིམས་ཁང་ནས་རྒྱ་རིགས་(Shujun Wang)་ཟེར་བས། གསང་བའི་ཐོག་ནས་རྒྱ་ནག་གཞུང་དང་མཉམ་འབྲེལ་གྱིས་ལས་ཀ་བྱས་ཏེ་ནེའུ་ཡོག་(Queens)་ས་གནས་ནང་དུ་གནས་སྡོད་བྱེད་མཁན་རྒྱ་ནག་དམར་ཤོག་གཞུང་ལ་མི་དགའ་མཁན་གྱི་རྒྱ་མི་རིགས་རྣམས་ཉམས་དམས་གཏོང་རྒྱུ་དང་མེད་པ་བཟོ་ཐབས་ཀྱི་ལས་ཀ་བྱས་པའི་དོགས་གཞི་ཡོད་པ་ཨ་རིའི་ནེའུ་ཡོག་གི་ཤར་ཕྱོགས་རྫོང་གི་ཁྲིམས་དོན་ལས་ཁང་ནས་གསུངས་ཡོད་འདུག
ད་དུང་(Wang)་གིས་སོ་མྱུལ་བྱེད་ཡུལ་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་མཁན་ཞིག་༢༠༢༠ལོའི་ཕྱི་ཟླ་བཞི་པའི་ནང་ཧོང་ཀོང་ནང་དུ་འཛིན་བཟུང་བྱས་རྗེས་ཆབ་སྲིད་ཀྱི་ནག་ཉེས་བཙུགས་ཏེ་བཙོན་འཇུག་བྱས་ཡོད་པ་གནས་ཚུལ་ནང་གསལ་འདུག
རྒྱ་མི་དེ་གསང་མྱུལ་བ་ཡིན་པའི་ཉེས་འཛུགས་ཀྱི་ཡིག་ཆ་ཞིག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ལག་སོན་བྱུང་བའི་ནང་། རྒྱ་ནག་གཞུང་གིས་ཤར་ཏུར་ཀིསུ་ཐན་གི་རང་དབང་ལས་འགུལ་བ་དང་། བོད་རང་བཙན་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་གྱི་བོད་མི་དང་བོད་མི་ལས་འགུལ་བ། དེ་བཞིན་ཕ་ལུང་ཀོང་ཆོས་ཉམས་ལེན་པ། རྒྱ་རིགས་དམངས་གཙོ་དོན་གཉེར་བ། ཐེ་ཝན་རང་བཙན་ལས་འགུལ་བ་བཅས་སྡེ་ཚན་ལྔའི་ཐོག་ལ་གནས་ཚུལ་རྒྱུས་ལོན་བྱེད་ཐབས་བྱས་ཡོད་པ་གསལ་འདུག་ལ། གྱོད་གཞི་དེའི་ནང་ཨ་རིའི་ནང་གནས་སྡོད་བྱེད་མཁན་རྒྱ་ནག་ལ་མི་དགའ་མཁན་ཚོར་སོ་ལྟ་དང་། བསུན་གཙེར། མྱུལ་ཞིབ་བྱེད་མཁན་གྱི་མི་ལྔ་ལ་གསང་མྱུལ་གྱི་དོགས་གཞི་ཡོད་པའི་ཉེས་འཛུགས་བྱས་འདུག མི་དེ་དག་གིས་རྒྱ་ནག་གི་རྒྱལ་སྲུང་བདེ་འཇགས་བློན་ཆེན་ལས་ཁུངས་ཀྱི་ཚབ་བྱས་ཏེ་ལས་དོན་བྱེད་ཀྱི་ཡོད་པ་དང་། ཁོང་ཚོ་ནི་རྒྱ་ནག་གཞུང་གི་གསང་བའི་ལས་ཁུངས་ཀྱི་ལས་དོན་ཤུགས་ཆེ་བ་བྱེད་མཁན་ཡིན་པ་ཨ་མི་རི་ཀའི་འབྲེལ་ཡོད་ལས་ཁུངས་ཀྱིས་ངོས་འཛིན་བྱེད་ཀྱི་འདུག རྒྱ་ནག་གཞུང་གིས་ལས་འགན་སྤྲད་པའི་མི་སྣ་དེ་དག་ནི་སྨྲ་བརྗོད་རང་དབང་ལ་འགོག་རྐྱེན་བཟོ་མཁན་དང་། རྒྱ་ནག་གཞུང་དང་ལྟ་བ་མི་མཐུན་པ་རྣམས་ལ་འཐབ་རྒོལ་བྱས་པ། དམར་ཤོག་ཚོགས་པའི་ནུས་པ་ཤུགས་ཆེར་སྤེལ་ཐབས་བྱེད་མཁན་ཡིན་པ་ཨ་རིའི་གསང་བའི་ལས་ཁུངས་(FBI)་ཀྱི་འགན་འཛིན་ལས་རོགས་(Kohler)་ལགས་ཀྱིས་གསུངས་འདུག
གནས་ཚུལ་ལྟར་ན། སྐུ་ཞབས་(Shujun Wang)་དེ་སྔ་རྒྱ་ནག་གི་ཆེན་ཏོ་སློབ་གྲྭ་ཆེན་མོའི་དགེ་རྒན་ཡིན་པ་དང་། སྤྱི་ལོ་༡༩༩༤་ལོར་རྒྱ་ནག་ནས་ཨ་རིར་འབྱོར་རྗེས་༢༠༠༣་ལོར་ཨ་མི་རི་ཀའི་མི་སེར་ཆགས་འདུག ཉེ་ལམ་ཨ་མི་རི་ཀས་མི་ལྔ་ལ་རྒྱ་ནག་གི་སོ་མྱུལ་བ་ཡིན་པའི་ཉེས་བཙུགས་བྱས་པའི་གྲས་ཀྱི་གཅིག་ཡིན་པ་རེད། ཁོང་གིས་༢༠༡༦ལོར་ཨ་རིའི་ནེའུ་ཡོག་གི་(Flushing)་ས་གནས་སུ་རྗེས་དྲན་གྱི་ཐེབས་རྩ་ཟེར་བའི་དམངས་གཙོ་དོན་གཉེར་གྱི་ཚོགས་པ་ཞིག་བཙུགས་ཡོད་ཀྱང་དོན་དངོས་སུ་རྒྱ་ནག་དང་མཉམ་འབྲེལ་བྱས་ནས་གསང་མྱུལ་གྱི་ལས་ཀ་བྱེད་ཀྱི་ཡོད་པ་ཨ་རིའི་གཞུང་གི་ཁྲིམས་རྩོད་པས་གསུངས་འདུག
དེ་སྔ་༢༠༢༠་ལོར་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་གི་བོད་རིགས་ཉེན་རྟོག་པ་པད་མ་དར་རྒྱས་ངག་དབང་ཟེར་བ་ཞིག་གིས་ཁྲིམས་འགལ་གྱི་ཐོག་ནས་རྒྱ་ནག་གཞུང་གི་ཆེད་ལས་དོན་སྤེལ་བ་དང་གསང་མྱུལ་བྱེད་བཞིན་པའི་ཉེས་མིང་འོག་ཨ་རིའི་གཞུང་གིས་འཛིན་བཟུང་བྱས་བའི་གནས་ཚུལ་བྱུང་ཡོད།
གསར་འགོད་པ། གཡུ་སྒྲོན། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།