རྒྱ་ནག་གི་ཚན་རིག་པས་འབྱུང་འགྱུར་ལོ་བཅུའི་ནང་བོད་མཐོ་སྒང་དུ་གནམ་གཤིས་ཚ་ཚད་ཇེ་ཆེར་འཕེལ་རྒྱུ་ཡིན་པ་བརྗོད་འདུག

2025.04.11
རྒྱ་ནག་གི་ཚན་རིག་པས་འབྱུང་འགྱུར་ལོ་བཅུའི་ནང་བོད་མཐོ་སྒང་དུ་གནམ་གཤིས་ཚ་ཚད་ཇེ་ཆེར་འཕེལ་རྒྱུ་ཡིན་པ་བརྗོད་འདུག བོད་རང་སྐྱོང་ལྗོངས་ཟེར་བའི་མཚོ་ཁུལ་ཁུལ་དུ་གཡག་དང་ལུག་རྩ་ཟ་བཞིན་པའི་རྣམ་པ།
AFP

ཟླ་ ༤ ཚེས་ ༡༡ ཉིན་རྒྱ་ནག་གི་གསར་འགྱུར་ལས་ཁང་ (Xinhua) གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གི་ཚན་རིག་གཙུག་ལག་སློབ་ཁང་ཁོངས་སུ་ཡོད་པའི་རླུང་ཁམས་གནམ་གཤིས་དངོས་ལུགས་ཞིབ་འཇུག་ཁང་ཞེས་ Institute of Atmospheric Physics (IAP) ཡི་ཚན་རིག་པ་འགས་ཞིབ་འཇུག་བྱས་པའི་བརྒྱུད། བོད་མཐོ་སྒང་དུ་འབྱུང་འགྱུར་ལོ་བཅུའི་ནང་ཚ་དྲོད་ཇེ་ཆེར་འཕེལ་རྒྱུ་ཡིན་པའི་གྲུབ་དོན་གསལ་སྟོན་བྱས་ཡོད་པ་རེད་འདུག

ཚན་རིག་པ་རྣམས་ཀྱིས་བརྟག་དཔྱད་བྱས་པའི་གྲུབ་དོན་ལྟར་ན། ཕྱི་ལོ་ ༢༠༢༥ ནས་ ༢༠༣༢ བར་བོད་མཐོ་སྒང་གི་ལོ་རེའི་ཆ་སྙོམས་ཚ་ཚད་ནི། ཕྱི་ལོ་ ༡༩༩༡ ནས་༢༠༢༠ བར་གྱི་ཚ་སྙོམས་ཚ་ཚད་ལས་ཌིག་རཱི་ ༠།༩༨ ཡིས་མང་བ་འཕར་རྒྱུ་ཡིན་ཞིང་། ཚ་དྲོད་ཀྱི་འཕེལ་ཚད་ཀྱི་མགྱོགས་ཚད་དེ་ཡང་ཕྱི་ལོ་ ༢༠༡༦ ནས་ ༢༠༢༣ བར་གྱི་ཚ་དྲོད་འཕར་ཚད་ལས་ལྡབ་ ༡།༧༥ ཡིས་མགྱོགས་པ་ཡོད་པ་གསལ་སྟོན་བྱས་ཡོད་པ་རེད།

དེ་ཡང་ཚན་རིག་པ་ཚོས་Open Global Glacier Model (OGGM)ཞེས་འཛམ་གླིང་གི་འཁྱགས་རོམ་དཔེ་དབྱིབས་མཐེ་བོང་བེད་སྤྱད་བརྒྱུད་བོད་མཐོ་སྒང་གི་ཚ་དྲོད་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་པ་དེས། འཁྱགས་རོམ་གྱི་ཚད་བརྒྱ་ཆ་ ༡།༤ ཙམ་ཇེ་ཉུང་དུ་འགྲོ་རྒྱུ་ཡིན་པ་དང་། དེས་འཁྱགས་རོམ་བཞུར་ཚད་ཇར་མགྱོགས་སུ་བཏང་སྟེ་མ་འོངས་ཨེ་ཤེ་ཡར་གནས་སྡོད་མི་གྲངས་ས་ཡ་མང་པོར་ཆུའི་དཀའ་ངལ་འཕྲད་དེ་འཚོ་རྟེན་ལ་ཉེན་ཁ་བཟོ་སྲིད་པའི་ཚོད་དཔག་དང་། ས་ཁུལ་གྱི་སྐྱེ་ཁམས་དོ་མི་མཉམ་པ་དང་གོ་ལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ལའང་དོ་ཕོག་སྤྲད་སྲིད་པ་གསལ་སྟོན་བྱས་ཡོད་པ་རེད་འདུག

མ་ཟད་རྒྱ་ནག་ཚན་རིག་པ་ཚོས་བོད་མཐོ་སྒང་གི་གནམ་གཤིས་ཚ་དྲོད་ཇེ་ཆེར་འཕེལ་བཞིན་པ་ནི། གཙོ་བོ་ཕྱིའི་ཤུགས་རྐྱེན་ཏེ་ (Greenhouse) དྲོད་ཁང་ཙམ་ཞིག་མ་ཡིན་པར། ནང་གི་གནམ་གཤིས་འགྱུར་ལྡོག་སྟེ། Pacific Decadal Oscillation (PDO) ཞེས་ཞི་བདེ་རྒྱ་མཚོའི་ལོ་བཅུའི་འཁོར་འགྲོས་དང་། North Pacific Gyre Oscillation (NPGO) ཞེས་བྱང་ཞི་བདེ་རྒྱ་མཚོའི་འཁོར་འགྲོས་བཅས་ཀྱིས་ཀྱང་ཤུགས་རྐྱེན་སྤྲད་ཡོད་པ་གསལ་སྟོན་བྱས་ཡོད་པ་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་སྤེལ་འདུག

རྩ་བའི་ཐེངས་འདིར་རྒྱ་ནག་གཞུང་འབྲེལ་གསར་ཁང་གིས་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་གནས་ཚུལ་སྤེལ་བ་དེའི་ནང་། གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་སྲོལ་རྒྱུན་ཐབས་ལམ་གྱིས་ཕུགས་རྒྱང་རིང་པར་གནམ་གཤིས་ཀྱི་འཕེལ་རིམ་སོགས་གསལ་སྟོན་བྱས་ཐུབ་ཀྱང་། ནང་གི་གནམ་གཤིས་འགྱུར་ལྡོག་ཆེ་བའི་རྐྱེན་གྱིས་འབྱུང་འགྱུར་ལོ་བཅུའི་ནང་བོད་མཐོ་སྒང་གི་གནམ་གཤིས་ཚ་དྲོད་ཇི་ཆགས་ཐད་ངེས་བརྟན་མེད་ཀྱང་། ཐེངས་འདིར་ཚན་རིག་པ་རྣམས་ཀྱིས་ཡར་ཐོན་ཅན་གྱི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་འཕྲུལ་རིགས་བཀོལ་སྤྱོད་ཀྱི་ཐབས་ལམ་གསར་པ་དེས། གནམ་གཤིས་ཀྱི་ཐོག་མའི་གནས་སྟངས་དང་དེར་འགྱུར་ལྡོག་བཏང་བའི་ཕྱིའི་ཤུགས་རྐྱེན་ལ་ཞིབ་འཇུག་གིས། ས་ཁུལ་དེའི་གནམ་གཤིས་སྔོན་དཔག་ཐུབ་པའི་ནུས་པ་གང་ལེགས་ལྡན་ཡོད་པ་སོགས་ཁུངས་ཚད་ལྡན་ཡིན་པ་གསལ་སྟོན་བྱས་འདུག

གཞན་ཡང་འདི་ལོའི་ཟླ་ ༣ པའི་ནང་རྒྱ་ནག་གི་ཚན་རིག་པ་ཁག་གཅིག་གིས་ཞིབ་འཇུག་བྱས་པའི་གྲུབ་དོན་དུ། འདས་པའི་ལོ་ངོ་ ༣༦ རིང་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གིས་མཚོ་སྔོན་བོད་མཐོ་སྒང་གི་མཚོ་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་དེས། ས་གནས་ཀྱི་འཛུགས་སྐྲུན་དང་གནས་སྡོད་མི་མང་ལ་ཉེན་ཁ་བསྐྲུན་ཡོད་པ་གསལ་སྟོན་བྱས་ཡོད་པའི་ཐད། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཁོར་ཡུག་ཚན་པའི་འགན་འཛིན་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། རྒྱ་ནག་གི་ཚན་རིག་པའི་སྡེ་ཁག་ཅིག་གིས་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གིས་མཚོ་སྔོན་མཚོ་ཁག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་སྐོར་ཉམས་ཞིབ་བརྒྱུད་གསལ་སྟོན་བྱས་པ་དེ་ནི། ཚན་རིག་པ་ཚོས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་རྐྱེན་པས་མ་འོངས་མཚོ་རྒྱས་ཏེ་ཉེ་འཁོར་གྱི་གྲོང་ཁྱེར་དང་མེ་འཁོར་ལྕགས་ལམ་སོགས་ཀྱི་འཛུགས་སྐྲུན་ལ་ཉེན་ཁ་ཡོང་སྲིད་པ་གསལ་སྟོན་བྱེད་ཆེད་དང་། གཉིས་ནས་རྒྱ་ནག་གཞུང་ངོས་ནས་བོད་ནང་གི་གནམ་གཤིས་འགྱུར་ལྡོག་རྐྱེན་པས་མ་འོངས་ཉེན་ཁ་འཕྲད་སྲིད་པ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་ལྟ་བུར་སྣང་ཞེས། འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ཡོད་པ་རེད།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། རྡོ་རྗེ་སྒྲོལ་མ།

རྩོམ་སྒྲིག་པ། བསྟན་འཛིན་པདྨ།

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎