བོད་དུ་བོད་མིའི་ལག་ཐོག་ཁ་པར་ལ་དམ་བསྒྲགས།
2012.01.26
༄༅༎ཕྱི་ལོ་གསར་པའི་ཚེས་༡ནས་བཟུང་བོད་ཀྱི་ཁམས་མཛོ་སྒང་ཁུལ་དུ་བོད་མི་རྣམས་ཀྱི་ལག་ཐོག་ཁ་པར་ཐོག་རྒྱ་གཞུང་གི་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་པའི་གནས་ཚུལ་ཐོན་འདུག་། དེ་ཡང་བོད་ནས་བོད་མི་ཞིག་གིས་འདི་གའི་གསར་འགོད་པ་བཟོད་པ་རྒྱ་མཚོ་ལགས་སུ་ངོ་སྤྲོད་གནང་བར་གཞིགས་ན་ ཕྱི་ལོ་༢༠༡༢ལོའི་ཕྱི་ཟླ་དང་པོའི་ཚེས་ཤར་ནས་བཟུང་མཛོ་སྒང་རྫོང་གི་ཁུལ་དུ་བོད་མིའི་་ལག་ཐོག་ཁ་པར་ལ་རྒྱ་གཞུང་གིས་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད་པ་མ་ཟད་ ལྷག་པར་ལག་ཐོག་ཁ་པར་ནང་གླུ་གཞས་སོགས་ག་རེ་ཡོད་མེད་ཞིབ་བཤེར་ནན་པོ་བྱེད་ཀྱི་ཡོད་ལུགས་ མཛོ་སྒང་རྫོང་ནས་བོད་མི་ཞིག་གིས་ངོ་སྤྲོད་གནང་དོན་ལ་་གཞིགས་ན་ དེ་སྔ་ཡིན་ན་ ལག་ཐོག་ཁ་པར་ནང་བླུག་རྒྱུའི་སིམ་ཞེས་པ་དེ་ དངུལ་སྤྲད་ནས་ཉོ་རྒྱུ་ཡོད་ཀྱང་ དེང་སང་ངོ་སྤྲོད་ལག་ཁྱེར་པར་ལོག་རྒྱབ་ནས་སྤྲད་དེ་ཐོ་འགོད་བྱས་ན་མ་གཏོགས་ ཉོས་མི་ཆོག་པའི་དམ་བསྒྲཌ་བྱེད་ཀྱི་ཡོད་པ་དང་ དེ་སྔ་ཉོས་ཟིན་པའི་སིམ་རྙིང་པ་རྣམས་ སོ་སོའི་ངོ་སྤྲོད་ལག་ཁྱེར་ཐོག་ནས་ཉོས་མེད་ཚེ་ ཁ་པར་ནང་སྒོར་མོ་ཉིས་བརྒྱ་སུམ་བརྒྱ་ག་ཚོད་ཡོད་ཀྱང་བེད་སྤྱོད་མེད་པ་བཟོས་ཡོད་འདུག་། དེ་བཞིན་ལག་ཐོག་ཁ་པར་ནང་ཡོད་པའི་གཞས་ལའང་ཞིབ་བཤེར་བྱས་ནས་དམ་བསྒྲགས་བྱེད་ཀྱི་ཡོད་འདུག་
ཡང་ཆབ་མདོ་གྲོང་ཁྱེར་གྱི་དགོན་པ་ཁག་ཅིག་གི་གྲ་པ་ཚོར་རྒྱལ་ཞེན་ཅན་ སྔོན་ཐོན་པ་རེད་ཟེར་ནས་རྒྱ་གཞུང་གིས་གྲ་པ་རེ་རེ་ལ་རྒྱ་སྒོར་ཉིས་སྟོང་ནས་བཞི་སྟོང་བར་སྤྲད་ཡོད་ལུགས་བོད་ནས་བོད་མི་དེས་གསུངས་ རྒྱ་གཞུང་གིས་དགོན་པ་དེ་ཚོའི་གྲ་པ་ཚོ་ལ་དངུལ་སྤྲད་ནས་ དགོན་པ་དེ་ཚོ་སྔོན་ཐོན་ཅན་ཡིན་ཙང་ དཔེ་བཟང་ཡིན་ཚུལ་བཤད་ནས་ དགོན་པའི་གྲ་པ་ཚོ་ལ་ཏ་ལའི་རུ་ཚོགས་དང་ ཁ་བྲལ་རིང་ལུགས་སོགས་ དབྱེ་བ་གསལ་པོ་དབྱེ་ནས་ཁ་གསལ་པོ་བཟོས་དགོས་པའི་སྐོར་ཡིག་ཆ་མང་པོ་ཞིག་དགོན་པ་དེ་ཚོའི་ནང་བཀྲམས་ཡོད་འདུག་། དེ་བཞིན་ཕྱི་ཟླ་དང་པོ་མ་ཟིན་ཙམ་ལ་ བྲག་་གཡབ་དགོན་པའི་གྲ་པ་རེ་ལ་སྒོར་ཉིས་སྟོང་རེ་སྤྲད་ཡོད་པ་དང་ ཆབ་མདོ་དགོན་པ་དང་ མཛོ་སྒང་དགོན་པ་བཅས་ཀྱི་གྲ་པ་རེ་ལ་སྒོར་བཞི་སྟོང་རེ་སྤྲད་ཡོད་པ་དང་ དེས་རྐྱེན་པས་ ས་གནས་མི་མང་རྣམས་ཀྱིས་ མ་འོངས་པར་དགོན་པར་དམ་བསྒྲཌ་ཆེ་རུ་བཏང་སྲིད་པའི་སེམས་ཁྲལ་དང་ དངངས་སྐྲག་བྱེད་ཀྱི་ཡོད་ལུགས་བོད་ནས་བོད་མི་དེས་ངོ་སྤྲོད་གནང་བཞག།