རྒྱ་ནག་གི་རྩ་ཁྲིམས་བཟོ་བཅོས་ཀྱི་ཁྲིམས་འཆར་ལ་བསྟོད་བསྔགས་དང་སྐྱོན་བརྗོད།
2018.02.28
སྲིད་འཛིན་ཞི་ཡི་སྲིད་དབང་རིང་དུ་གཏོང་རྒྱུར་དམིགས་པའི་རྩ་ཁྲིམས་བཟོ་བཅོས་བྱ་རྒྱུའི་ཁྲིམས་འཆར་རྗེས་ཕྱི་རྒྱལ་ལ་གཞིས་སྤོས་ཀྱི་བསམ་བློ་གཏོང་མཁན་ཡོད་འདུག
རྒྱ་ནག་གི་སྲིད་འཛིན་གྱི་ཞི་ཅིན་ཕིན་གྱི་སྲིད་དབང་རིང་དུ་སྲ་བརྟན་གཏོང་རྒྱུར་དམིགས་ཏེ་རྒྱ་ནག་གི་རྩ་ཁྲིམས་ཀྱི་ནང་དོན་ཁག་གཅིག་ལ་བཟོ་བཅོས་བྱ་རྒྱུའི་གྲོས་འགོ་བཏོན་པའི་ཁྲིམས་འཆར་དེས་སྲིད་འཛིན་ཞི་ཅིན་ཕིན་ཚེ་གང་སྲིད་འཛིན་གནང་རྒྱུའི་མཐུན་རྐྱེན་བསྐྲུན་པར་རྒྱ་ནག་གི་དཔལ་འབྱོར་གནས་བབ་སྲ་བརྟན་ཡོང་སྲིད་པའི་བསྟོད་བསྔགས་དཔལ་འབྱོར་མཁས་དབང་ཚོས་གནང་གི་ཡོད་ཀྱང་རྒྱ་ནག་གི་ཡུལ་མི་མང་པོས་རང་ཉིད་ཀྱི་རྒྱུ་དངོས་ཕྱི་རྒྱལ་དུ་གཏོང་རྒྱུའམ་ཡང་ན་རང་ཉིད་ཕྱི་རྒྱལ་དུ་གཞིས་སྤོས་བྱ་རྒྱུའི་ཐོག་བསམ་བློ་གཏོང་གི་ཡོད་འདུག
དེ་ཡང་རྒྱ་ནག་དམར་ཤོག་ཚོགས་པས་སྲིད་འཛིན་གྱི་ལས་ཡུན་མེད་པ་བཟོ་རྒྱུའི་ཁྲིམས་འཆར་དེས། སྲིད་འཛིན་ཞི་ཅིན་ཕིན་རྒྱ་ནག་གི་སྟོབས་ཤུགས་ཆེ་བའི་མི་གཅིག་དབང་འཛིན་པ་ཞིག་ཆགས་སྲིད་པ་དེས་ཉེ་བའི་ཆར་རྒྱ་ནག་དེ་བཞིན་དཔལ་འབྱོར་དང་འཕྲུལ་རིགས་སོགས་གང་ཅིའི་ཐོག་ནས་ཡར་རྒྱས་གཏོང་རྒྱུར་འགན་འཁུར་གནང་མཁན་ཆེད་ལས་གཞུང་འཛིན་མི་སྣ་ཚོར་སྣང་ཆུང་ལྟ་བུ་ཆགས་སྲིད་པའི་སྐོར་ཕ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་བཀོད་སྤེལ་བྱས་འདུག
ཡང་དཔལ་འབྱོར་དཔྱད་ཞིབ་པས་སྤྱིར་བཏང་བྱས་ན། སྲིད་འཛིན་ཞི་ཅིན་ཕིན་གྱི་ལས་ཡུན་དེ་ཕྱི་ལོ་༢༠༢༣ལོར་གཙང་གི་ཡོད་ཀྱང་ཁོང་མུ་མཐུད་སྲིད་འཛིན་གནང་ཆོག་པའི་མཐུན་རྐྱེན་བསྐྲུན་པ་དེས་སྲིད་འཛིན་ཞི་ཅིན་ཕིན་ཁོང་གིས་རྒྱ་ནག་ལ་དགོས་ངེས་ཅན་གྱི་སྲིད་ཇུས་ལྐོག་ཟ་རུལ་སུངས་མེད་པ་བཟོ་རྒྱུ་སོགས་དཔལ་འབྱོར་བཅོས་བསྒྱུར་གྱི་ལས་འགུལ་སྤེལ་བཞིན་པ་དེ་མཇུག་སྐྱོང་གནང་རྒྱུར་ཕན་ཐོགས་ཡོང་རྒྱུ་ཡིན་པའི་སྐོར་གསུངས་འདུག
སྲིད་འཛིན་ཞི་ཅིན་ཕིན་དང་ཁོང་གི་དཔལ་འབྱོར་གྱི་སྲིད་ཇུས་ཀྱི་ཐོག་ཐུགས་འཁུར་བཞེས་མཁན་ཚོས་བུ་ལོན་ཁྱོན་ཆེ་ཡོད་པ་རྣམས་སྤྲོད་ལེན་གནང་ཕྱོགས་དང་། རྒྱ་ནག་གི་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ། དེ་བཞིན་ལྐོག་ཟ་དང་ལྐོག་རྔན་སྤྲོད་ལེན་གྱི་ལམ་ལུགས་དེ་མེད་པ་བཟོ་རྒྱུ་སོགས་ཀྱི་ཐོག་མུ་མཐུད་ཕྱག་ལས་གནང་རྒྱུའི་ཞལ་བཞེས་གནང་ཡོད་པ་རེད། འོན་ཀྱང་ཨ་མི་རི་ཀ་དང་། ཡོ་རོབ་སོགས་ཀྱིས་རྒྱ་ནག་གིས་ཁས་ལེན་བྱས་པ་བཞིན་ཕྱིའི་ཁེ་གཉེར་ལས་ཁང་རྣམས་རྒྱ་ནག་ནང་ཚོང་ལས་གཉེར་རྒྱུའི་ཐོག་དངོས་སུ་ལག་ལེན་བྱེད་ཀྱི་མེད་པའི་སྐྱོན་བརྗོད་ཞུ་བཞིན་པ་རེད། དེ་བཞིན་རྒྱལ་རབས་ལོ་རྒྱུས་ལ་བལྟས་ཀྱང་མི་གཅིག་དབང་འཛིན་ཀྱི་ཐག་གཅོད་ཐོག་ནས་དཔལ་འབྱོར་ཡར་རྒྱས་འགྲོ་རྒྱུར་འགོག་རྐྱེན་ཡོང་གི་ཡོད་པ་ནི་གསལ་པོ་ཡིན་པ་མ་ཟད། རྒྱ་ནག་གི་ཡུལ་མི་མང་པོས་རང་ཉིད་ཀྱི་རྒྱུ་དངོས་ཕྱི་རྒྱལ་དུ་གཏོང་རྒྱུའམ་ཡང་ན་རང་ཉིད་ཕྱི་རྒྱལ་དུ་གཞིས་སྤོས་བྱ་རྒྱུའི་ཐོག་བསམ་བློ་གཏོང་གི་ཡོད་པ་ཧྥ་རན་སི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
དེ་བཞིན་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་གྱི་སྲིད་དབང་ཡུན་རིང་གནས་རྒྱུའི་གནས་སྟངས་དེའི་ཐོག་ནས་ཁོང་གི་སྟོབས་ཤུགས་གསར་པ་དེ་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཇི་ལྟར་དབང་ཆ་བེད་སྤྱོད་གཏོང་མིན་གྱི་ཚོད་དཔག་བྱེད་བཞིན་པའི་སྐབས་འདིར་རྒྱལ་སྤྱིའི་འབྲེལ་ཡོད་གཞུང་མང་ཆེ་བ་འཇམ་ཐིང་དུ་གནས་བཞིན་ཡོད་པའི་སྐོར་རྒྱལ་སྤྱིའི་གསར་ལམ་ཐོག་གནས་ཚུལ་ཐོན་འདུག
དེ་ཡང་རྒྱ་ནག་ནང་སྲིད་འཛིན་གྱི་ལས་དུས་ལ་ཚད་བཀག་མེད་པ་བཟོ་རྒྱུའི་གྲོས་འགོ་བཏོན་པ་དེས་ད་ཡོད་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་ལ་དབང་ཆ་གཅིག་སྡུད་ཀྱི་རྒྱ་ནག་གི་དམག་དོན་དང་། དཔལ་འབྱོར་གྱི་ཐོག་མངོན་འདོད་ཆེ་བའི་འཆར་གཞི་ཆེན་པོ་ལག་བསྟར་གྱིས་རྒྱ་ནག་དེ་བཞིན་འཛམ་གླིང་ཐོག་སྟོབས་ཆེན་རྒྱལ་ཁབ་ཅིག་ལ་འགྱུར་ཐུབ་རྒྱུའི་སྐོར་བརྗོད་ཀྱི་ཡོད་པར་བརྟེན་ལོན་ཀྲོན་(King’s College) ཞེས་པའི་གཙུག་ལག་སློབ་གྲཱ་ཆེན་མོའི་འགན་འཛིན་(Kerry Brown) ཞུ་བས། སྲིད་འཛིན་ཞི་ཅི་ཕིང་ལ་དབང་ཆ་དེ་འདྲ་ཡོད་ཀྱང་དབང་ཆ་གང་གི་ཆེད་དུ་བེད་སྤྱོད་གཏོང་མིན་ང་ཚོས་ཧ་གོ་གི་ཡོད་པ་མ་རེད། གལ་སྲིད་ཁོང་གི་དབང་ཆ་དེ་རྒྱ་ནག་ནང་གི་གནད་དོན་མང་པོ་ཞིག་གདོང་ལེན་བྱ་རྒྱུའི་ཆེད་དུ་བཏང་བ་ཡིན་ན་དེ་ཡག་པོ་ཞིག་རེད། གལ་སྲིད་དེ་འདྲ་མ་ཡིན་ན་དཀའ་རྙོག་ཆེན་པོ་ཆགས་རྒྱུའི་གནད་དོན་ཞིག་རེད་ཅེས་གསུངས་ཡོད་པ་རེད།
སྲིད་འཛིན་ཞི་ཅིང་ཕིང་གི་དབང་ཆ་ཡུན་རིང་འཛིན་རྒྱུའི་གནས་ཚུལ་དེའི་སྐོར་རྒྱ་ནག་རྒྱ་ནང་དུ་གཞུང་འབྲེལ་བརྒྱུད་ལམ་ཁག་གིས་གནད་དོན་དེ་ནི་རྒྱ་ནག་སྲ་བརྟན་གནས་རྒྱུའི་ལོ་རབས་ཤིག་ལ་སླེབས་དུས་དགོས་ངེས་ཀྱི་ལག་ལེན་དོན་འཁྱོལ་གནང་བ་ཞིག་རེད་ཅེས་དགའ་བསུ་ཐོབ་ཡོད་པ་མ་ཟད། ཨ་རིའི་ཆབ་སྲིད་ཀྱི་ཟིང་ཆའི་འོག་གནོད་འཚེ་ཐེབས་པའི་ལུང་པ་ཁག་ལ་རྒྱ་ནག་ལ་རེ་བ་འཛིན་ས་ཞིག་ཆགས་པ་རེད་ཅེས་བརྗོད་མཁན་ཡོད་པ་རེད།
འོན་ཀྱང་རྒྱ་ནག་ཐོག་གི་གནད་དོན་དབྱེ་ཞིབ་པ་ཚོས་རྒྱ་ནག་གི་གཙོ་འཛིན་མའོ་ཙེ་ཏུང་གི་དུས་སྐབས་སུ་འདྲ་བའི་སྲིད་དབང་སྒེར་གཅོད་བསྐྱར་ལོག་རྒྱབ་རྒྱུའི་འཆར་གཞི་དེ་ནི་རྒྱལ་སྤྱིའི་ཐོག་ལ་ཉེན་ཁ་ཆེ་རུ་བཟོ་བཞིན་པ་རེད་ཅེས་དང་། ཨ་རིའི་སྲིད་འཛིན་ཕོ་བྲང་ནས་གནས་ཚུལ་དེའི་ཐོག་ལ་སྐྱོན་བརྗོད་གང་ཡང་གནང་མེད་པ་དེ་ནི་རྒྱ་ནག་རང་ཉིད་ལ་ཐུག་གི་ཡོད་པའི་སྐོར་དང་། ཡང་སྲིད་འཛིན་ཞི་ཅི་ཕིང་ལ་ཚད་མཐོའི་དབང་ཆ་ཐོབ་ཚེ་ཁོང་ལ་བློ་གཟུ་བོར་གནས་ནས་སློབ་སྟོན་བྱེད་མཁན་ཡོང་མི་སྲིད་པ་དང་། དེའི་རྐྱེན་གྱིས་ཁོང་གིས་བྱ་བ་ཅི་སྒྲུབ་ཐུབ་མིན་གྱི་ཚད་ལས་བརྒལ་བའི་གདེངས་ཚོད་ཅིག་སླེབས་ཀྱི་རེད་ལ་དེ་གཞི་བཟུང་སྟེ་དེའི་དབང་ཆ་རྒྱལ་སྤྱིའི་གནད་དོན་ཅིག་གི་ཐོག་ལ་ཁོང་གིས་ལག་བསྟར་བྱེད་སྲིད་པ་རེད་ཅེས་བསམ་ཚུལ་བརྗོད་མཁན་ཡོད་པ་རེད།།
གསར་འགོད་པ་ཚེ་དབང་དངོས་གྲུབ་དང་། ཉི་མ་གཡུ་སྒྲོན།