ཧུའུ་ཅིན་ཐའོ་ཡིས་བོད་གནས་སྐོར་གཏམ་བཤད༎
2012.03.09
༄༅༎དེ་རིང་རེས་གཟའ་པ་སངས་ཉིན་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་མུ་མཐུད་རྒྱལ་ཁབ་གོང་བུ་གཅིག་གྱུར་དང། མི་རིགས་ཆིག་སྒྲིལ། བོད་ནང་དུ་སྤྱི་ཚོགས་བརྟན་ལྷིང་བསྐྲུན་རྒྱུ་མུ་མཐུད་ལག་བསྟར་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད།
དེ་ཡང་རྒྱ་ནག་མི་དམངས་འཐུས་མིའི་ཚོགས་ཆེན་ལ་འབྱོར་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མིའི་གོ་བསྡུར་བྱེད་པའི་ནང་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡིས་མཉམ་ཞུགས་བྱས་ཏེ། བོད་ནང་དུ་སྤྱི་ཚོགས་བརྟན་ལྷིང་གསར་པའི་རྨང་གཞི་སྐྲུན་རྒྱུའི་ལེགས་སྐྱེས་འབུལ་དགོས་པ་བཤད་ཡོད་པ་མ་ཟད། བོད་ནང་དུ་སྤྱི་ཚོགས་བརྟན་ལྷིང་དང་འཆམ་མཐུན་གྱི་སྤྱི་ཚོགས་སྐྲུན་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱ་རྒྱུ་ཡིན་ལུགས་དང༌། ལྷག་པར་དུ་མི་རིགས་ཆིག་སྒྲིལ་གོང་འཕེལ་གཏོང་ཐབས་བསམ་བློའི་སློབ་གསོ་སྤེལ་བའི་ལས་དོན་གཞི་རྒྱ་ཆེ་རུ་གཏོང་རྒྱུ་ཡིན་ཟེར་བཤད་ཡོད་པ་རེད། ད་དུང་ཡང་བོད་མིའི་འཚོ་བའི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དང། སྤྱི་ཚོགས་ཡར་རྒྱས་ཀྱི་གཞི་རྩའི་ལས་དོན་ཡར་རྒྱས་གཏོང་རྒྱུ་འགན་ལེན་སྐྲུན་ཐབས་ཀྱི་འབད་བརྩོན་བྱས་ཏེ། བོད་ནང་དུ་ཡོད་པའི་གྲངས་ཉུང་མི་རིགས་རྣམས་བཅོས་བསྒྱུར་དང་ཡར་རྒྱས་ཀྱི་འབྲས་བུ་བཟང་པོ་ལོངས་སུ་སྤྱོད་རྒྱུ་ཡོང་རྒྱུ་རེད་ཅེས་བཤད་ཡོད་པ་རེད། འོན་ཀྱང་བོད་ནང་གི་བོད་མི་རྣམས་ནི་རྒྱ་ནག་གཞུང་གི་དྲག་གནོན་གྱི་སྲིད་ཇུས་འོག་ལ་འུ་ཐུག་ཐབས་ཟད་ཀྱིས་རང་ཉིད་ཀྱི་གཅེས་པའི་ལུས་སྲོག་བློས་བཏང་གིས་ངོ་རྒོལ་བྱེད་པའི་གནས་སྟངས་ཛ་དྲག་ཏུ་འགྲོ་བ་ཡིན་ཞིང༌། ལྷག་པར་དུ་བོད་ཀྱི་གནད་དོན་ཐོག་ལ་ཐུགས་སྣང་གནང་མཁན་ཚོས། རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྟན་ལྷིང་དང་འཆམ་མཐུན་སྐྲུན་རྒྱུ་ཡིན་ཟེར་ཤོད་བཞིན་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདོང་ལེན་བྱེད་སྟངས་ནི་དྲག་གནོན་གྱི་བྱ་སྤྱོད་ཁོ་ན་ལག་བསྟར་བྱེད་པ་དེས་བོད་མིའི་སེམས་ཀྱི་རྨ་ཁ་མི་གསོས་པའི་ཁར་སྡུག་ཏུ་འགྲོ་བའི་ནོར་འཁྲུལ་གྱི་སྲིད་ཇུས་འཛིན་གྱི་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།