གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་ཚོགས་འདུ།
2009.11.27
༄༅༎རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་ཟླ་བ་༡༢་པའི་ནང་ཌེན་མཀ་ཏུ་ཚོགས་རྒྱུའི་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་སྐོར་གྱི་གལ་ཆེའི་ལྷན་ཚོགས་ནང་མཉམ་ཞུགས་བྱེད་ཀྱི་ཡོད་པ་དང་རྒྱ་ནག་ཕྱོགས་ནས་དཀའ་ངལ་དེ་སེལ་ཐབས་ལ་གལ་ཆེའི་འགན་འཁུར་ལེན་རྒྱུའི་འཆར་གཞི་ཡོད་པ་རེད། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་གི་ཉེན་ཁ་བཟོ་མཁན་བཟོ་གྲ་དང་མོ་ཊའི་དུ་རླངས་ཡིན་པ་ངོས་འཛིན་བྱེད་པ་ལྟར་རེས་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་ཕྱི་ཟླ་༡༢་པའི་ཚེས་༧ ནས་ ༡༨ བར་ཌེན་མཀ་ཀྱི་རྒྱལ་ས་ཀོ་པེན་ཧ་གེན་དུ་ཚོགས་རྒྱུའི་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་གལ་ཆེའི་ལྷན་ཚོགས་ཐོག་ཚོགས་བཅར་གནང་གི་ཡོད་པའི་གསར་འགྱུར་ཐོན་པའི་ཉིན་གཅིག་གི་རྗེས་སུ་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཆིན་གང་གིས་གསར་འགོད་ལྷན་ཚོགས་ཐོག་ལ། ལྦེན་ཅ་པའོ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་ཚོགས་ཆེན་ཐོག་མཉམ་ཞུགས་གནང་སྟེ་གནད་དོན་དེའི་ཐོག་ལ་རྒྱ་ནག་གི་ཕྱོགས་ནས་འགན་འཁུར་ཇི་ཙམ་ལེན་རྒྱུ་གལ་འགངས་ཆེན་པོ་ཡིན་པ་ངོས་འཛིན་གྱིས་ར་སྤྲོད་ཐུབ་པ་བྱ་རྒྱུ་དང། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ལྷན་དུ་མཉམ་ལས་བྱ་རྒྱུ་ཡིན་པའི་སྐོར་བཤད་ཡོད་པ་རེད། ད་དུང་རེས་གཟའ་ཕུར་བུའི་ཉིན་རྒྱ་ནག་གཞུང་གིས། ཕྱི་ལོ་༢༠༢༠ ནང་ཚུད་ལ་མོ་ཊའི་དུ་རླངས་བརྒྱ་ཆ་༤༠ ནས་༤༥ བར་ཉུང་དུ་གཏོང་རྒྱུའི་ལས་དོན་འཆར་གཞི་གསལ་བསྒྲགས་བྱས་པ་དང། མོ་ཊའི་དུ་རླངས་ཉུང་དུ་གཏོང་རྒྱུའི་ལས་དོན་དེ་ཡང་རྒྱ་ནག་རྒྱལ་ནང་གི་གནས་སྟངས་ལ་གཞིགས་ཏེ་ལས་དོན་ལག་བསྟར་བྱ་རྒྱུ་ཡིན་པ་བཤད་ཡོད་པ་རེད། རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་ལྷན་ཚོགས་དེའི་དྲུང་ཆེ་མཆོག་གིས། ཨ་མི་རི་ཀའི་སྲིད་འཛིན་ཨོ་སྦ་མ་མཆོག་དང་རྒྱ་ནག་གི་སྲིད་བློན་ལྦེན་ཅ་པའོ་གཉིས་ལྷན་ཚོགས་དེའི་ནང་མཉམ་ཞུགས་བྱ་རྒྱུའི་གསལ་བསྒྲགས་གནང་བ་དེར་དགའ་བསུ་ཞུས་ཡོད་ཀྱང་འབྱོར་ལྡན་རྒྱལ་ཁབ་ཚོས་དཔལ་འབྱོར་སྐྱོ་བའི་རྒྱལ་ཁབ་ཚོར་གནམ་གཤིས་འགྱུར་ལྡོག་གི་དཀའ་ངལ་སེལ་ཐབས་ཀྱི་ལས་དོན་དེའི་དམིགས་ཡུལ་གྲུབ་ཐབས་སུ་དཔལ་འབྱོར་གྱི་རོགས་རམ་དགོས་གལ་ཆེན་པོ་ཡིན་པ་གསུངས་ཡོད་པ་རེད།