མདོ་སྨད་མགོ་ལོག་དར་ཐང་དགོན་པའི་སྤྱི་ཁང་གི་འཁྲིས་སུ་ཉེན་རྟོག་ཁང་གསར་རྒྱག་གིས་དགེ་འདུན་པ་ཚོར་སུན་གཙེར་བཟོ་བཞིན་པ།

2022.02.16
མདོ་སྨད་མགོ་ལོག་དར་ཐང་དགོན་པའི་སྤྱི་ཁང་གི་འཁྲིས་སུ་ཉེན་རྟོག་ཁང་གསར་རྒྱག་གིས་དགེ་འདུན་པ་ཚོར་སུན་གཙེར་བཟོ་བཞིན་པ། ད་ལོ་དགོན་པའི་ནང་གི་སྤྱི་ཁང་གི་འགྲམ་དུ་ཡང་བསྐྱར་ཉེན་རྟོག་ཁང་ཞིག་གསར་རྒྱག་བྱས་ཡོད་པ་མ་ཟད། ལས་དོན་རྟོག་ཞིབ་རུ་ཁག་ཟེར་བ་བཙུགས་ཏེ། དགེ་འདུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་དམ་དྲག་སུན་གཙེར་ཤུགས་ཆེ་བྱེད་བཞིན་པ།
སྤྱི་ཚོགས་དྲ་རྒྱ།

བོད་ནང་རྒྱ་ནག་གཞུང་གིས་དགོན་སྡེ་ཆེ་ཁག་གི་ཉེ་འཁྲིས་སུ་དེ་སྔ་ནས་ཉེན་རྟོག་ཁང་བརྒྱབས་ཏེ། དགེ་འདུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་དམ་དྲག་བྱེད་བཞིན་པ་ལྟར། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ས་ཁུལ་གཅིག་སྒྲིལ་རྫོང་ཁོངས་སུ་ཆགས་པ། མདོ་སྨད་མགོ་ལོག་དཔལ་ཡུལ་དར་ཐང་དགོན་ཆེན་དུའང་དགོན་པའི་ལྕགས་རིའི་ཕྱི་ལ་དེ་སྔ་ནས་རྒྱ་ནག་གཞུང་གིས་ཉེན་རྟོག་ཁང་ཞིག་བརྒྱབས་ཡོད་ནའང་། ད་ལོ་དགོན་པའི་ནང་གི་སྤྱི་ཁང་གི་འགྲམ་དུ་ཡང་བསྐྱར་ཉེན་རྟོག་ཁང་ཞིག་གསར་རྒྱག་བྱས་ཡོད་པ་མ་ཟད། ལས་དོན་རྟོག་ཞིབ་རུ་ཁག་ཟེར་བ་བཙུགས་ཏེ། དགེ་འདུན་པ་ཚོའི་འགྲོ་འདུག་སྤྱོད་གསུམ་དམ་དྲག་སུན་གཙེར་ཤུགས་ཆེ་བྱེད་བཞིན་པ། བཙན་བྱོལ་བོད་མི་མིང་བརྗོད་འདོད་མེད་པ་ཞིག་ལ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་འགྲེལ་བརྗོད་གནང་གི་འདུག
དཔལ་ཡུལ་དར་ཐང་དགོན་པའི་འདུ་ཁང་གི་གཡས་གཡོན་དང་གླིང་བར་བཅས་གང་ས་གང་དུ། བརྙན་ལེན་པར་ཆས་རང་འགྲིག་བཙུགས་ནས་སོ་ལྟ་ཉིན་མཚན་མེད་པར་བྱེད་བཞིན་པ་དང་། ལྷག་པར་དགེ་འདུན་པ་ལོ་ཆུང་ཚོ་དགོན་པའི་བཙུགས་པའི་སློབ་གྲྭ་ལ་བསྐྱོད་མི་ཆོག་པར། རྒྱ་ནག་གཞུང་འབྲེལ་གྱི་སློབ་གྲྭ་ཁག་ཏུ་བསྐྱོད་དགོས་པའི་གནོན་ཤུགས་ཀྱང་ཡོང་གི་ཡོད་པ་མ་ཟད། ས་གནས་དེ་གར་ཕྱི་ཕྱོགས་ཀྱི་བོད་མི་དང་ཁ་བརྡ་བྱས་པའི་གནས་ཚུལ་ལ་བརྟེན་ནས། བོད་མི་རེ་ཟུང་བཀག་ཉར་དོ་དམ་དང་འདྲི་ཞིབ། ཉེན་བརྡ་སྤྲད་པ་བཅས་ཀྱི་གནས་ཚུལ་ཀྱང་ལྷག་ཡོད་པའི་ཁར། བོད་མི་ཚོར་སྐད་འཕྲིན་གྱི་ལམ་ནས་འབྲེལ་བ་གནང་ཐབས་བྱས་ན། ཁོ་ཚོའི་ཁ་པར་དུ་རྒྱ་ནག་གཞུང་གིས་ལྐོག་ཉན་འཕྲུལ་ཆས་བཙུགས་ཡོད་པས། ཉེན་ཁ་འདུག་ཅེས་ཚུར་སྐད་ཆ་བཤད་རྒྱུར་འཇིགས་སྣང་གནང་གི་འདུག་ཅེས་འགྲེལ་བརྗོད་ཅིང་།
སྔ་འགྱུར་རྙིང་མའི་ཆོས་རྒྱུད་འཛིན་པ་མདོ་སྨད་མགོ་ལོག་གཅིག་སྒྲིལ་རྫོང་ཁོངས་སུ་ཆགས་པ། དཔལ་ཡུལ་དར་ཐང་མདོ་སྔགས་བཤད་སྒྲུབ་གླིང་ནི། པདྨ་མདོ་སྔགས་བསྟན་འཛིན་ནམ། ལྷ་སྤྲུལ་པདྨ་གར་དབང་བསྟན་འཛིན་མཆོག་ནས་སྤྱི་ལོ་༡༨༧༤ལོར་ཕྱག་བཏབ་པའི་དགོན་ཆེན་ཞིག་ཆགས་ཡོད་པ་རེད། གཞན་ཡང་ཡོ་རོབ་ཏུ་གནས་སྡོད་ཆབ་སྲིད་བཙོན་ཟུར་མགོ་ལོག་འཇིགས་མེད་ལགས་ནས། མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པ་ལྟ་བུར་མཚོན་ན། རྒྱུན་ལྡན་ནས་བདེ་འཇགས་རུ་ཁག་ཟེར་བ་བཞག་སྟེ། དགེ་འདུན་པ་ཚོ་ཕར་ཚུར་འགྲོ་བསྐྱོད་ཚུན་སྙན་སེང་ཞུ་དགོས་པ་བཟོས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
མགོ་ལོག་འཇིགས་མེད་ལགས་སུ་བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་གཞིར་བཟུང་ན། དེང་སང་དམིགས་བསལ་བོད་ནང་སྐད་འཕྲིན་གྱི་ནང་མཉེན་ཆས་ལྐོག་ཉན་ཡོ་ཆས་བཙུགས་ནས། སྐད་ཆ་འདྲ་མིན་བཤད་མཁན་སུ་ཡིན་བརྩད་གཅོད་ཀྱིས། བཀག་ཉར་དང་འདྲི་ཞིབ། ཉེས་ཆད་གཅོད་པ་དང་ཁ་པར་འཕྲོག་པ་སོགས་གང་བྱུང་བྱེད་བཞིན་པ་འགྲེལ་བརྗོད་གནང་གི་འདུག

གསར་འགོད་པ། བློ་བྷེ།
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎