རྒྱ་ནག་གཞུང་གིས་རྒྱ་གར་གཞུང་ལ་ཉེན་བརྡ་བཏང་འདུག


2017.03.06
བོད་དང་རྒྱ་གར་གྱི་ས་འབྲེལ་རྟ་དབང་ཕྱོགས་ཀྱི་ས་ཁྲ། བོད་དང་རྒྱ་གར་གྱི་ས་འབྲེལ་རྟ་དབང་ཕྱོགས་ཀྱི་ས་ཁྲ།
Photo: RFA

རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་མོན་རྟ་དབང་གི་ཡུལ་དུ་ཆིབས་བསྒྱུར་བསྐྱང་རྒྱུར་རྒྱ་གར་གཞུང་ལ་ཉེན་བརྡ་བཏང་འདུག
དེ་ཡང་PTI་ཞེས་པའི་རྒྱ་གར་གྱི་གསར་ལས་ཁང་ཞིག་གིས་གནས་ཚུལ་སྤེལ་དོན་ལ་གཞིགས་ན། རྒྱ་ནག་གི་གཞུང་འབྲེལ་གསར་ལམ་གོ་ལའི་དུས་བབ་ཅེས་པས་དཔྱད་བརྗོད་ཅིག་སྤེལ་བའི་ནང་། རྒྱ་གར་གཞུང་ཕྱོགས་ནས་ཏཱ་ལའི་བླ་མ་བེད་སྤྱད་ནས་ལྷོ་ཤར་ཨེ་ཞི་ཡའི་ནང་རྒྱ་ནག་གི་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཤུགས་རྐྱེན་མང་དུ་ཐེབས་བཞིན་པ་དེར་གདོང་ལེན་བྱེད་པ་དེས། རྒྱ་གར་ཕྱོགས་ལ་མཇུག་འབྲས་ཚབས་ཆེན་ཕོག་གི་རེད་ཅེས་ཉེན་བརྡ་བཏང་ཡོད་པ་རེད།
ད་དུང་དཔྱད་རྗོད་དེའི་ནང་མུ་མཐུད་དུ། རྒྱ་ནག་གཞུང་གིས་དགག་བྱ་བྱས་མིན་ལ་མ་བལྟས་པར་མི་འགྱངས་པའི་བདུན་ཕྲག་འགའ་ཤས་རྗེས། རྒྱ་གར་གཞུང་ཕྱོགས་ནས་ཏཱ་ལའི་བླ་མ་རྩོད་གཞི་ཅན་གྱི་རྒྱ་གར་ནག་མཐའ་མཚམས་ཏུ་གདན་འདྲེན་ཞུ་གི་ཡོད་པས་རྒྱ་གར་གཞུང་གི་མི་སྣ་དེ་ཚོས་ཏཱ་ལའི་བླ་མའི་ཆིབས་བསྒྱུར་ལ་བརྟེན་ནས་ཚབས་ཆེའི་མཇུག་འབྲས་འབྱུང་རྒྱུ་ཡིན་པའི་དོན་དངོས་མ་མཁྱེན་པའམ་མཁྱེན་ཡང་སྣང་མེད་དུ་བཏང་བ་རེད་ཅེས་བརྗོད་ཡོད་པ་རེད།
རྒྱ་ནག་གཞུང་འབྲེལ་གསར་ལམ་གྱི་སྐྱོན་བརྗོད་འདི་རིགས་ནི་ཉིན་ཤས་སྔོན་རྒྱ་ནག་ཕྱི་འབྲེལ་ལས་ཁུངས་ཀྱིས་གོང་ས་མཆོག་གི་ཆིབས་བསྒྱུར་ཐད་རྒྱ་གར་གཞུང་ལ་སྐྱོན་བརྗོད་བྱས་པའི་རྗེས་ནས་བྱུང་བ་ཞིག་རེད།
དེ་བཞིན་རྒྱ་གར་གྱི་བརྒྱུད་ཁག་གི་ཐོག་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་གྱི་ས་གནས་གང་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཐོག་ཆིབས་བསྒྱུར་བསྐྱངས་ནའང་བཀག་སྡོམ་མེད་ལ། ཕྱི་ཟླ་བཞི་པའི་ཚེས་༤་ཉིན་ནས་ཕྱི་ཚེས་༡༣་བར་དུ་ཨ་རུ་ཎ་ཅལ་མངའ་སྡེའི་ནང་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་དང་། རྒྱ་གར་གྱི་ནང་སྲིད་བློན་ཆེན་གཞོན་པ་དང་མཇལ་འཕྲད་གནང་རྒྱུའི་སྐོར་གནས་ཚུལ་སྤེལ་འདུག

གསར་འགོད་པ་བོད་རྒྱལ་དང་། ཚེ་བརྟན་རྡོ་རྗེ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎