རང་ལུས་མེར་བསྲེགས་པ་དེས་བོད་མི་རྣམས་འུ་ཐུག་པ་མངོན།
2011.11.06
༄༅༎རྒྱ་ནག་གཞུང་གིས་བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དེ་དག་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འུ་ཐུག་ཐབས་ཟད་གྱིས་ཀུན་སློང་གནང་བ་ཞིག་ཡིན་ལུགས་སྐྱོན་བརྗོད་བྱས་འདུག
ད་ལམ་ཟི་ཁྲོན་ཞིང་ཆེན་བོད་པའི་དགེ་འདུན་པ་ཁ་ཤས་ཀྱིས་རང་ལུས་མེར་བསྲེགས་བཏང་སྐབས་ས་གནས་དཔོན་རིགས་ཚོས་མེ་བསོད་ཐབས་དང་སྨན་ཁང་ནང་སྨན་བཅོས་བྱ་མུས་ཀྱང་སྤྱི་ཚོགས་ནང་འཁྲུག་རྐྱེན་གྱི་གཞི་རྩར་གྱུར་ཡོད་པར་སྐྱོན་བརྗོད་དང་སྦྲགས། རང་ལུས་མེར་བསྲེགས་བཏང་མཁན་ཚང་མ་ཏཱ་ལའི་ཁ་བྲལ་རིང་ལུགས་པ་ཚོའི་རྗེས་འཇུག་ཡིན་ལུགས་སྐྱོན་བརྗོད་ཀྱི་ཆེད་རྩོམ་ཞིག་འཆར་ཅན་ལྟར། ཡི་རྡོ་ཞེས་པས་རྒྱ་ནག་གི་རྒྱལ་སྤྱིའི་གསར་ཤོག་གོ་ལོ་བོལ་ཁྲའེ་ཡྨསེ་ཞེས་པའི་ནང་རེས་གཟའ་སྤེན་པའི་ཉིན་སྤེལ་ཡོད་འདུག མི་མང་ཚོ་རྐྱེན་ལམ་དུ་ཕྱིན་པ་ཚོའི་ཆེད་མྱ་ངན་བྱེད་བཞིན་པའི་སྐབས་འདིར་ཁ་བྲལ་བ་བ་ཚོས་དོན་རྐྱེན་དེ་དག་བོད་རང་བཙན་ཆེད་ཀྱི་འཐབ་རྩོད་གྱི་ངོ་བོར་འགྱུར་ཐབས་བྱེད་ཀྱི་ཡོད་པ་དང་། ཁ་བྲལ་སྒྲིག་འཛུགས་ཀྱིས་ཟླ་བ་སྔོན་མའི་ཚེས་༡༩ཉིན་འདས་གྲོངས་སུ་སོང་བ་རྣམས་ཀྱི་ཆེད་མཆོད་འབུལ་སྨོན་ལམ་སྐབས་༸གོང་ས་མཆོག་དབུ་བཞུགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སླེལ་འདུག་གོང་ཞུས་རྩོམ་ནང་སྐྱོན་བརྗོད་བྱས་འདུག། ཡང་ཆེད་རྩོམ་དེའི་ནང་བཀའ་བློན་ཁྲི་པའི་མཚན་མིང་འདོན་མེད་པའི་ཐོག་ ཁ་བྲལ་གཞུང་གི་འགོ་ཁྲིད་ཨ་མི་རི་ཀར་བསྐྱོད་དེ་ཨ་རིའི་རྒྱབ་སྐྱོར་འཚོལ་ཡོད་ལུགས་སྐྱོན་བརྗོད་བྱས་འདུག རང་སྲོག་གཅོད་རྒྱུ་ནི་ནང་པ་གཙོས་པའི་ཆོས་ལུགས་མང་པོས་འཚེ་ལས་ཡིན་པར་ངོས་འཛོན་བྱེད་ཀྱི་ཡོད་ཀྱང་ ཏཱ་ལའི་བླ་མས་ལས་འགུལ་དེར་རྒྱབ་སྐྱོར་བྱེད་ཀྱི་ཡོད་རེད་ཅེས་སྐྱོན་བརྗོད་བྱས་འདུག། མཇུག་ཏུ་དེང་སང་རྒྱལ་སྤྱིའི་ཐོག་ཚང་མས་རྒྱ་ནག་དང་འབྲེལ་ལམ་གོང་འཕེལ་གཏོང་རྒྱུར་གལ་ཆེར་ངོས་འཛིན་བྱེད་མཁན་མ་གཏོགས་བོད་དོན་ལ་དོ་སྣང་བྱེད་མཁན་ཇེ་ཉུང་དུ་ཕྱིན་ནས་རང་དབང་གི་ལས་འགུལ་ནུས་མེད་དུ་གྱུར་ཡོད་ལོགས་སོགས་སྐྱོན་བརྗོད་དྲག་པོ་བྱས་འདུག།