རྒྱ་ནག་གསར་ལམ་ཐོག་གེ་རི་ལོག་ལ་མཐོང་ཆུང་གི་ཆེད་རྩོམ།།
2014.03.01

༄༅༎རྒྱ་ནག་གཞུང་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ནང་། ཉེ་ལམ་འཕོ་བསྒྱུར་ཟིན་པའི་ཨ་མེ་རི་ཁའི་རྒྱ་ནག་ཏུ་ཆེད་གཏོང་གནང་བའི་གཞུང་ཚབ་ཟུར་པ་ གེ་རི་ལོག་ ལ་མཐོང་ཆུང་ཁྱད་གསོད་ཀྱི་ཆེད་རྩོམ་སྤེལ་འདུག ཆེད་རྩོམ་དེའི་ནང་། ཨ་རིའི་གཞུང་ཚབ་ཟུར་པ་ གེ་རི་ལོག་ ནི། ཤིང་ཏོག་ངང་ལག་རུལ་པ་རེད་ཅེས་དང་། ལོང་བའི་ལམ་སྟོན་པ་ཁྱི་ཞེས་དང་། ནད་ཡམས་དྲག་པོ་རེད་ཅེས་པ་སོགས་བཀོད་དེ་རྒྱ་མི་རིགས་ཀྱི་ཨ་རི་བ་ཞིག་ཨ་མེ་རི་ཁའི་གཞུང་གིས་གཞུང་ཚབ་པར་བསྐོ་གཏོང་བར་ཞེན་ཁ་ལོག་པའི་རྣམ་པ་མངོན་གསལ་དོད་པོ་བྱུང་འདུག ཁོང་གིས་རྒྱ་ནག་ཏུ་ལོ་ངོ་གཉིས་དང་ཕྱེད་རིང་གཞུང་ཚབ་པའི་ལས་རྒྱུན་རིང༌གྲུང་ཆིང་གྲོང་ཁྱེར་གྱི་ཉེན་རྟོག་སྤྱི་ཁྱབ་པ་་གཞུང་ཚབ་ཁང་དུ་ཉེན་ཡོལ་འབྱོར་བ་དང༌། དེ་བཞིན་མང་གཙོ་དོན་གཉེར་བ་ཁྲེན་ཀོང་ཁྲེང་ཡང་གཞུང་ཚབ་ཁང་དུ་འབྱོར་བ་བཅས་དོན་རྐྱེན་ཆེན་པོ་གཉིས་ཀ་སྐབས་འཕྲལ་སེལ་ཐུབ་པ་སོགས་ལས་དོན་ལེགས་འགྲུབ་བྱུང་ཡོད་པ་རེད། ཨ་རིའི་ཕྱི་སྲིད་དྲུང་ཆེ་ ཇོན་ ཀེ་རི མཆོག་གིས་ཁོང་འགྲོ་བ་མིའི་ཆེ་མཐོང་ལ་སྲུང་བརྩི་དང་། ཨ་རིའི་གཙིགས་ཆེར་འཛིན་པའི་རིན་ཐང་སྲུང་སྐྱོབ་པ་ཡིན་པའི་བསྔགས་བརྗོད་གནང་འདུག ཡང་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་ ཇེན་ སེ་ཀི་ ཡིས་རྒྱ་ནག་གཞུང་འབྲེལ་གྱི་ཆེད་རྩོམ་དེར་ཡ་ལན་སྤྲད་དེ་དབུ་འཕང་བསྟོད་ཀྱི་མིན་ཞེས་ལན་འདེབས་གནང་འདུག
གོང་ཞུས་རྒྱ་ནག་གཞུང་གི་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་ཐོག་རྩོམ་བྲིས་པ་ཝང་ཞེས་པས་སྤེལ་བའི་རྩོམ་ཡིག་ནང༌། སྐུ་ཞབས་ གེ་རི་ལོག་ ཡིས་རང་གི་ཕ་མེས་ཀྱི་སྐད་ཡིག་ཤེས་ཀྱི་མེད་པ་དང༌། རྒྱ་ནག་གི་རྩ་ཁྲིམས་ཤེས་རྟོགས་མ་ཐུབ་པའི་དབང་གིས་ཚོར་བ་རྣོན་པོ་ཡོད་པའི་གྲངས་ཉུང་མི་རིགས་སྡོད་གནས་བོད་དང་ཤིན་ཅང་ནང་གདུག་པ་ཅན་གྱི་ལྷགས་པ་རྒྱག་པ་རེད་ཅེས་དང༌། རང་ཉིད་རྒྱུགས་པ་མ་ཟད། ཁྲེན་ཀོང་ཁྲེང་གི་སྣེ་ཤན་པ་ཁྱིའི་ལས་དོན་ཡང་བྱས་པ་རེད་ཅེས་སོགས་མཐོང་ཆུང་ཁྱད་གསོད་ཀྱི་ཆེད་རྩོམ་དེའི་ནང་བཀོད་ཡོད་པ་རེད༎
གསར་འགོད་པ་ཚེ་བརྟན་རྣམ་རྒྱལ།