རྒྱ་ནག་གི་གསར་ལམ་ཁག་ཅིག་གིས་མི་མང་ལ་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་དུས་སུ་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་རྒྱུན་ཤེས་བརྗོད་པ་དེར་ཕྱིའི་གསར་ལམ་ཁག་ཏུ་དོ་སྣང་བྱེད་བཞིན་པ་རེད།
2017.12.06
རྒྱ་ནག་གཞུང་འབྲེལ་གྱི་གསར་ཤོག་ཅིག་ཏུ་མི་མང་ལ་རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་དུས་སུ་སྲུང་སྐྱོབ་བྱེད་ཕྱོགས་ཀྱི་རྒྱུན་ཤེས་བརྗོད་པ་དེར་ཕྱིའི་གསར་ལམ་ཁག་ཏུ་དོ་སྣང་བྱེད་བཞིན་པ་རེད།
དེ་ཡང་སྤྱི་ཚེས་༦་ཉིན་རོས་ཡེ་ཌིར་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་ཤར་བྱང་གི་བྱང་ཀོ་རི་ཡ་དང་མཐའ་མཚམས་སུ་ཆགས་པའི་ཅི་ལེན་གྲོང་ཁྱེར་ནང་གཉེར་བའི་རྒྱ་ནག་གཞུང་འབྲེལ་ས་གནས་གསར་ཤོག་ཅི་ལེན་ཉིན་རེའི་ཚགས་པར་ཞེས་པའི་ནང་། རྡུལ་ཕྲན་མཚོན་ཆའི་གཏོར་རྒོལ་དུས་སུ་ཇི་ལྟར་རང་ཉིད་ལ་སྲུང་སྐྱོབ་བྱེད་ཕྱོགས་དང་དེ་གས་གཏོར་སྐབས་ཀྱི་རྒྱུན་ཤེས་སོགས་ཀྱི་གནས་ཚུལ་མང་པོ་བཀོད་པར། དྲ་གནས་ཐོག་མི་མང་པོས་གླེང་སློང་ཤུགས་ཆེན་བྱེད་བཞིན་ཡོད་པ་རེད། ཡིན་ནའང་དེའི་རྗེས་སུ་ཅི་ལེན་ཞིང་ཆེན་སྲིད་གཞུང་ནས་རྩོམ་ཡིག་དེ་ནི་སྤྱིར་བཏང་གི་རྒྱུན་ཤེས་དང་རྒྱུན་ལྡན་གྱི་རྒྱལ་སྲུང་སློབ་གསོ་ཁྱབ་བསྒྲགས་བྱེད་པ་ཙམ་ཡིན་ཚུལ་ལན་འདེབས་བྱས་འདུག
དེ་བཞིན་གོང་བརྗོད་རྩོམ་ཡིག་དེའི་ནང་བྱང་ཀོ་རེ་ཡ་དང་རྒྱལ་ཁབ་གཞན་ནས་གཏོར་རྒོལ་བྱེད་སྲིད་པའི་སྐོར་གང་ཡང་གླེང་སློང་བྱས་མེད་པ་རེད། དེ་མིན་ཚེས་༦་ཉིན་རྒྱ་ནག་གོ་ལའི་དུས་བབ་ཅེས་པའི་ནང་དཔྱད་བརྗོད་ཅིག་སྤེལ་བའི་ནང་། གལ་སྲིད་དམག་འཐབ་བྱུང་བ་ཡིན་ན། ཀོ་རི་ཡའི་གླིང་ཕྲན་གྱི་རྡུལ་ཕྲན་སྙིགས་རོས་འབག་བཙོག་ཐེབས་མི་སྲིད་པ་མིན་པས། དེར་སྔོན་འགོག་གི་ཐབས་ཇུས་ལ་ཉམས་ཞིབ་དང་། མི་མང་ལ་གནས་ཚུལ་ཤེས་རྟོགས་བྱེད་དུ་འཇུག་རྒྱུ་གལ་ཆེན་རེད། ཡིན་ནའང་སྐྲག་སྣང་སྐྱེས་དགོས་བ་གང་ཡང་ཡོད་པ་མ་རེད་ཟེར། བདུན་ཕྲག་སྔོན་མར་བྱང་ཀོ་རི་ཡའི་ཡང་བསྐྱར་རྒྱང་ཐག་རིང་པོར་སྙོབས་ཐུབ་པའི་མེ་ཤུགས་འཕུར་མདའ་ཞིག་ཚོད་ལྟ་བྱས་ཡོད་ལ། ཨ་རིའི་སྲིད་འཛིན་(Trump)་ནས་གལ་སྲིད་ཨ་རིའི་སྟེང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་བ་ཡིན་ན། ཁོང་གིས་བྱང་ཀོ་རི་ཡའི་སྲིད་དབང་རྩ་མེད་གཏོང་རྒྱུའི་ཉེན་བརྡ་བཏང་ཡོད་ཀྱང་། རྒྱ་ནག་གི་ཕྱོགས་ནས་དམག་དོན་ཐབས་ཇུས་ལ་མོས་མཐུན་བྱེད་ཀྱི་མེད་པར། ཨ་རི་དང་བྱང་ཀོ་རི་ཡ་གཉིས་ནས་ཁ་རྡུང་གཏོང་བ་མཚམས་འཇོག་གིས་གྲོས་མོལ་གྱི་ལམ་ནས་གནད་དོན་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ་ལྕགས་མོ་འཚོ།