རྒྱ་ནག་ཉེན་རྟོག་པས་རྒྱ་རིཌ་མང་གཙོ་དོན་གཉེར་བ་འཛིན་བཟུང༌།
2010.11.03
༄༅༎རྒྱ་ནག་གི་ལྷོ་ཕྱོགས་ཀོའུང་ཏུང་ཞིང་ཆེན་གྱི་ཉེན་རྟོག་པས། རྒྱ་མི་རིགས་དམངས་གཙོ་དོན་གཉེར་བ་ཞིག་གིས་ལིའུ་ཤའོ་ཕུའུ་ལ་༢༠༡༠ལོའི་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་པའི་གནས་ཚུལ་དྲིལ་བསྒྲགས་བྱེད་པ་དེ་ནི་གཞུང་གི་སྲིད་དབང་མགོ་རྟིང་སློབ་ཐབས་བྱེད་པའི་ནག་ཉེས་བཙུགས་ཏེ་འཛིན་བཟུང་བྱས་པའི་སྐོར་དེ་རིང་རེས་གཟའ་ལྷག་པའི་ཉིན་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོས་བཤད་ཡོད་པ་རེད།
དམངས་གཙོ་དོན་གཉེར་ཅན་ཀུའོ་ཞན་ལིའང་ནི་གཟའ་འཁོར་རྗེས་མའི་ནང་ཨེ་ཤི་ཡའི་རྩེད་འགྲན་ཚོགས་ཡུལ་རྒྱ་ནག་གི་ལྷོ་ཕྱོགས་ཀོའུང་ཏུང་ཞིང་ཆེན་གྱི་ཀུའང་ཀྲོའུ་གྲོང་ཁྱེར་ནས་འཛིན་བཟུང་བྱས་ཏེ་རྒྱ་ནག་གཞུང་གིས་གྲོང་ཁྱེར་དེའི་ནང་གི་སྲུང་སྐྱོབ་ཧ་ཅང་གི་དམ་བསྒྲགས་བྱས་ཏེ་རྩེད་འགྲན་ལམ་ལྷོང་ཡོང་བར་འགོག་རྐྱེན་མི་ཡོང་བའི་དོགས་ཟོན་བྱེད་བཞིན་ཡོད་པ་རེད། དེ་ཡང་རེས་གཟའ་མིག་དམར་ཉིན་ཀོའུང་ཀྲའོ་གྲོང་ཁྱེར་ཉེན་རྟོག་པས་ཀུའོ་ཞན་ལིའང་གི་བཟའ་ཟླར་ཀུའོ་ཞན་ལིའང་འཛིན་བཟུང་བྱས་པ་དང༌། གཞུང་གི་སྲིད་དབང་མགོ་རྟིང་སློག་ཐབས་བྱས་པའི་ནག་ཉེས་བསག་པའི་གནས་ཚུལ་བཤད་ཡོད་པའི་སྐོར་ཀུའོ་ཡི་གྲོགས་པོ་རྩོམ་བྲིས་པ་ཡེ་ཏུ་ཡིས་ཁ་པར་ཐོག་ནས་ཕེ་རན་སི་གསར་འགྱུར་ལས་ཁང་ལ་གནས་ཚུལ་ངོ་སྤྲོད་བྱས་ཡོད་པ་རེད། ད་དུང་ཁོང་གིས། ཀུའོ་ཞན་ལིའང་ལ་ཆབ་སྲིད་ཀྱི་ནག་ཉེས་བཙུགས་པ་དེ་དང༌། ད་ལྟ་བཙོན་ཁང་དུ་མི་ལོ་༡༡གི་ཉེས་ཆད་མྱོང་བཞིན་པའི་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་མཁན་ལིའུ་ཤའོ་ཕུའུ་ལ་བསྐྱལ་བའི་ཆབ་སྲིད་ཀྱི་ནག་ཉེས་དེ་གཉིས་གཅིག་པ་ཡིན་པ་དང༌། ཀུའོ་ཞན་ལིའང་ནི། ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་པའི་གནས་ཚུལ་དང་འབྲེལ་བའི་ཐོག་ནས་ཆབ་སྲིད་ཀྱི་ནག་ཉེས་ཉེས་བཙུགས་བྱས་པ་དང་དངོས་སུ་འཛིན་བཟུང་བྱས་པའི་མི་སྣ་ཐོག་མར་དེ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ལས་འགུལ་སྤེལ་མཁན་གྱིས། ཀུའོ་ཡིས་ལིའུ་ཤའོ་ཕུའུ་ལ་ནོ་བེལ་ཞི་བདེའི་བྱ་དགའ་ཐོབ་པའི་སྐོར་མི་དམངས་ལ་གོ་རྟོག་ཡོང་ཐབས་ཀྱི་གནས་ཚུལ་མཁོ་སྤྲོད་བྱས་པ་ཁོ་ནས་འཛིན་བཟུང་བྱས་པ་ཞིག་ལ་ངོས་འཛིན་བྱེད་པ་དང༌། ཉེན་རྟོག་པས་ཀུའོ་འཛིན་བཟུང་བྱས་པའི་གནས་ཚུལ་ཁོང་གི་ནང་མིར་ཁ་པར་བརྒྱུད་ནས་བཤད་པ་ལས། ཆབ་སྲིད་ཀྱི་ནག་ཉེས་དང་འཛིན་བཟུང་བྱས་པའི་ཡིག་ཆ་དངོས་སུ་ལག་པར་འབྱོར་མེད་པའི་སྐོར་གསུངས་ཡོད་པ་རེད།།