རྒྱ་ནག་གཞུང་གིས་མུ་མཐུད་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་རྔ་བ་ཀིརྟི་དགོན་སོགས་སུ་གྲྭ་རྒྱུན་གསར་ཞུགས་དང་དགོན་པའི་ནང་ཕྲུ་གུ་ལོ་ཆུང་སྡོད་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག

2025.03.19
རྒྱ་ནག་གཞུང་གིས་མུ་མཐུད་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་རྔ་བ་ཀིརྟི་དགོན་སོགས་སུ་གྲྭ་རྒྱུན་གསར་ཞུགས་དང་དགོན་པའི་ནང་ཕྲུ་གུ་ལོ་ཆུང་སྡོད་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་བཞིན་འདུག སྟག་ཚང་ལྷ་མོ་ཀིརྟི་དགོན། ཟླ་ཚེས་མི་གསལ།
མི་སེར་གྱི་འདྲ་པར།

རྒྱ་ནག་གཞུང་གིས་མུ་མཐུད་མདོ་སྨད་ཕྱོགས་ཀྱི་མཛོད་དགེ་སྟག་ཚང་ལྷ་མོ་ཀིརྟི་དགོན་དང་རྔ་བ་ཀིརྟི་དགོན་གཙོས། མདོ་སྨད་ཕྱོགས་སུ་དགོན་སྡེ་ཁག་ཏུ་གྲྭ་རྒྱུན་གསར་ཞུགས་མི་ཆོག་པའི་དམ་དྲག་ཤུགས་ཆེར་བྱེད་བཞིན་པ་མ་ཟད། བྱིས་པ་ལོ་ཆུང་དགོན་པའི་ནང་དུ་སྡོད་པ་དང་དགོན་པར་མཆོད་མཇལ་དང་གནས་སྐོར་གཙོས། རྒྱུ་མཚན་གང་གི་ཆེད་དུ་ཕྲུ་གུ་དགོན་པའི་ནང་ཁྲིད་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གོང་ཞུས་བོད་ནང་གི་འབྲེལ་ཡོད་གཅིག་ནས་མུ་མཐུད་བརྗོད་དོན་ལ། ཕྱི་ལོ་ ༢༠༢༤ ལོར་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་སློབ་གྲྭ་རྩ་གཏོར་རྗེས། དགོན་པའི་ནང་དུ་སྲིད་གཞུང་གིས་ལྟ་རྟོག་མི་སྣ་ཆེད་འཛུགས་ཀྱིས་སློབ་གྲྭ་དང་འབྲེལ་བའི་གནད་དོན་སྐོར་ལ་གསང་བའི་སོ་ལྟ་དང་། དགོན་པའི་གླིང་དུ་ཕྲུ་གུ་ཆུང་ཆུང་རེ་མཐོང་བ་ཙམ་གྱིས་འདྲི་རྩད་བྱེད་པ་དང་། རྗེས་འདེད་ཀྱིས་གྲྭ་ཤག་གང་དུ་བསྡད་ཡོད་སོགས་རྩད་གཅོད་ཀྱིས། དོ་བདག་ལ་ཕྲུ་གུ་ཉར་བའི་ཉེས་འཛུགས་འོག་འདྲི་རྩད་དང་བཀག་ཉར་སོགས་ཀྱི་གནས་སྟངས་བྱུང་གི་ཡོད་པ་མ་ཟད། རྔ་བ་ཀིརྟི་དགོན་དུ་གྲྭ་རྒྱུན་གསར་ཞུགས་བྱེད་པར་ཁུལ་དང་རྫོང་ས་གནས་རིམ་པ་བརྒྱུད་ཆོག་མཆན་ཞུ་དགོས་པ་བཟོས་ཏེ། ཕྱོགས་ཡོངས་ནས་དམ་དྲག་གི་གནས་སྟངས་ཛ་དྲག་ཡིན་སྐོར་སོགས་འགྲེལ་བརྗོད་གནང་གི་འདུག

སྔ་ལོའི་ཟླ་ ༡༠ པ་ནས་བཟུང་རྒྱ་ནག་གཞུང་གིས་སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་ནང་བསྟན་སྔོན་འགྲོའི་སློབ་གྲྭ་བཙན་ཐབས་ཀྱིས་སྒོ་བརྒྱབ་སྟེ། སློབ་གྲྭར་འགྲོ་འདོད་མེད་པའི་གྲྭ་ཕྲུག་ཚོ་བཙན་ཁྲིད་དང་བཀག་སྐྱིལ་སོགས་ཀྱི་གནས་སྟངས་བྱུང་ཡོད་པ་རེད་ལ། དེ་བཞིན་རྔ་བ་ཀིརྟི་དགོན་པའི་སློབ་ཕྲུག་ཆིག་སྟོང་ལྷག་བཙན་ཐབས་ཀྱིས། རྔ་བ་རྫོང་གི་གཏན་འཇགས་སློབ་གྲྭ་ཁག་ཏུ་བཅུག་ཡོད་པ་རེད་ལ། ཡང་འབྲེལ་ཡོད་ནས་རྒྱ་ནག་གཞུང་གིས་སྔར་ལོ་གྲྭ་ཕྲུག་ལོ་ཆུང་ཚོ་གཞུང་གཉེར་སློབ་གྲྭར་བཙན་བཅུག་རྗེས་གྲྭ་ཕྲུག་དེ་དག་ལ་རྒྱ་ཡིག་གི་རྨང་གཞིའི་སློབ་འཁྲིད་དགོས་སྐོར་བརྗོད་ནས། དུས་ཡུན་ཟླ་ངོ་གསུམ་ལྷག་རིང་དམར་ཤོག་ཚོགས་པའི་ཆབ་སྲིད་སློབ་གསོ་སྤྲོད་པ་དང་། སྟག་ཚང་ལྷ་མོ་ཀིརྟི་དགོན་པའི་དགེ་རྒན་ཚོར་ཆབ་སྲིད་ཀྱི་གནད་དོན་ཡོད་སྐོར་ལ་སྙད་དེ་དུས་ཡུན་ངེས་མེད་དུ་འདྲི་རྩད་དང་འབོད་འགུག་གིས་མུ་མཐུད་སུན་བཙེར་བཟོ་བཞིན་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག

རྒྱ་ནག་གཞུང་ངོས་ནས་དགོན་སྡེ་ཁག་ཏུ་ལོ་ན་མ་སོན་པའི་མི་སྣ་བཅུག་མི་ཆོག་སྐོར་བརྗོད་ནས། དགོན་པ་ཁག་གི་སློབ་གྲྭ་སོགས་སྒོ་བརྒྱབ་བཅུག་སྟེ། ཕ་མ་དང་འབྲེལ་ཡོད་ལ་འདོད་མོས་ཡོད་མེད་རྩིས་མེད་དུ་བཏང་སྟེ། གྲྭ་ཕྲུག་ལོ་ཆུང་ཚོ་བཙན་ཐབས་ཀྱིས་གཞུང་གཉེར་སློབ་གྲྭར་མི་འགྲོ་ཐབས་མེད་བྱེད་བཞིན་ཡོད་པ་ལྟར། སྔར་ལོ་རྒྱ་ནག་གཞུང་གིས་ཀིརྟི་དགོན་པ་གཉིས་ནས་གྲྭ་ཕྲུག་ ༡༠༠༠ ལྷག་གཞུང་གཉེར་སློབ་གྲྭར་བཙན་བཅུག་དང་། དེ་བཞིན་སྔར་ལོའི་ཟླ་ ༩ པའི་མགོ་སྟོད་དུ་རྒྱ་ནག་གཞུང་གིས་དམུ་དགེ་དགོན་ནས་བཙན་ཤེད་ཀྱིས་གཞུང་གཉེར་སློབ་གྲྭར་བཏང་བའི་སློབ་ཕྲུག་ ༥ ཡིས། སློབ་གྲྭའི་ནང་བཅར་རྡུང་མནར་གཅོད་རྐྱེན་གྱིས་སྡོད་མ་ཐུབ་པར་རང་གི་ཚེ་སྲོག་ལ་རྒོལ་ཐབས་བྱས་པའི་གནས་ཚུལ་སོགས་བྱུང་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྣམ་རྒྱལ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎