རྒྱ་ནག་གཞུང་གིས་བོད་ནང་གི་སློབ་གྲྭ་ཁག་གི་གུང་གསེང་སྐབས་ཕྲུ་གུར་ཆོས་ལུགས་ཀྱི་མཚོན་རྟགས་ཡོད་པའི་གྱོན་ཆས་ཀྱང་གྱོན་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༡༢ ཚེས་ ༣༠ ནས་བཟུང་རྒྱ་ནག་གཞུང་གིས་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་ཁག་ཏུ་དགུང་ཁའི་གུང་གསེང་གཏོང་གི་ཡོད་པ་དང་། ཉེ་སྔོན་ཟླ་ ༡༢ ཚེས་ ༢༠ ཙམ་ནས་བཟུང་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་སློབ་གྲྭ་ཁག་གི་དགུན་ཁའི་གུང་གསེང་དང་བསྟུན། ཕྲུ་གུར་སློབ་གྲྭའི་འཆར་འགོད་ལས་ཟུར་དུ་ཟབ་སྦྱོང་སྤྲོད་པ་གཏན་འགག་དང་། ཆོས་ལུགས་བྱེད་སྒོ་སོགས་སུ་ཞུགས་མི་ཆོག་པ་དང་། སློབ་གྲྭའི་ངོས་ནས་བྱིས་པའི་རྒྱ་སྐད་བྱང་ཚད་ཡག་པོ་ཡོང་ཆེད་ཕ་མ་དང་བྱིས་པར་སློབ་ཚན་གྲ་སྒྲིག་དགོས་པ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སློབ་ཁྲིད་ལས་གཞན་པའི་སློབ་ཚན་ཟུར་ཁྲིད་སོགས་རྩ་ནས་མི་ཆོག་སྐོར་སོགས་བརྗོད་ཡོད་པ་ལྟར། གནས་སྟངས་དེ་རིགས་བོད་ཀྱི་ས་ཁུལ་གཞན་དུའང་གཅིག་མཚུངས་ཀྱིས་བྱེད་བཞིན་འདུག་ལ། བོད་ནང་གི་མགོ་ལོག་གཅིག་སྒྲིལ་དང་མཛོད་དགེ་རྫོང་། རྔ་བ། མཚོ་སྔོན་འབའ་རྫོང་། དཀར་མཛེས་སོགས་སུ་སློབ་གྲྭ་ཁག་གི་གུང་གསེང་སྐབས་བོད་ཡིག་སློབ་ཁྲིད་མི་ཆོག་པ་མ་ཟད། གུང་གསེང་གི་ནང་ལས་སོགས་རྒྱ་ནག་གཞུང་གི་ཆབ་སྲིད་སློབ་གསོ་སློབ་སྦྱོང་དགོས་སྐོར་བརྗོད་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་འབྲེལ་ཡོད་ཅིག་ནས་མུ་མཐུད་འགྲེལ་བརྗོད་གནང་དོན་ལ། མཛོད་དགེ་དང་རྔ་བ་སོགས་སུ་སློབ་གྲྭ་ཁག་གི་གུང་གསེང་དང་བསྟུན། བོད་ཡིག་ཟུར་སྦྱོང་གི་ལས་རིགས་གཏན་ནས་གཉེར་མི་ཆོག་པ་མ་ཟད། སློབ་ཕྲུག་གི་གུང་གསེང་ཆ་རྐྱེན་བསྒྲགས་པའི་ནང་ཆོས་ལུགས་ཀྱི་མཚོན་དོན་ཡོད་པའི་གྱོན་ཆས་སྤྲད་མི་ཆོག་པ་དང་། དགོན་པ་དང་ཆོས་ལུགས་བྱེད་སྒོ་ཁག་ཏུ་ཁྲིད་མི་ཆོག་པ་སོགས་བཟོས་ཡོད་སྐོར་བརྗོད་བྱུང་། ཡང་འབྲེལ་ཡོད་གཞན་དེས་མཚོ་སྔོན་ཞིང་ཆེན་སློབ་གསོ་ལས་ཁུངས་ཟེར་བས་མཚོ་སྔོན་དང་མགོ་ལོག་ཕྱོགས་ཀྱི་སློབ་གྲྭ་ཁག་ཏུ། གུང་གསེང་དང་བསྟུན་སློབ་གྲྭའི་ངོས་ནས་ནང་སྦྱོང་ཟེར་བ་ཞིག་སྤྲད་པའི་ནང་། ཕ་མ་དང་བུ་ཕྲུག་མཉམ་དུ་སྲིད་གཞུང་གི་ཆབ་སྲིད་སློབ་གསོ་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིང་གི་བསམ་བློ་ཟེར་བ་སོགས་ཡིན་སྐོར་བརྗོད་བྱུང་ལ། སྤྱིར་རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་སོགས་སུ་དགུན་ཁའི་གུང་གསེང་དང་བསྟུན་སློབ་གྲྭའི་ངོས་ནས་ཁྱིམ་བདག་དང་སློབ་ཕྲུག་ལ་བཏང་བའི་བརྡ་ཁྱབ་ཟེར་ཞིག་བཏང་སྟེ། གུང་གསེང་སྐབས་ཕྲུ་གུའི་བདེ་འཇགས་ལ་ཡིད་གཟབ་ཀྱིས་དྲ་ལམ་ཀྱི་ཚོགས་པ་སོགས་ཀྱི་ནང་འཛུལ་ཞུགས་མི་བཅུག་པ་དང་། ཆོས་ལུགས་བྱེད་སྒོ་འདྲ་མིན་དང་ཆོས་ལུགས་འདུ་འཛོམས་ལ་ཞུགས་མི་ཆོག་པ་སོགས་ཀྱི་དམ་དྲག་བྱེད་བཞིན་ཡོད་པ་རེད།
ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གཞུང་འབྲེལ་ཤེས་ཡོན་ལས་ཁུངས་ཟེར་བས་དངོས་སུ་སློབ་གྲྭའི་གུང་གསེང་དང་བསྟུན། སློབ་ཕྲུག་ཚོར་གཞུང་གི་གོ་སྒྲིག་ལས་འགལ་བའི་སློབ་ཁྲིད་བྱས་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་རེད་ལ། དེ་དང་འབྲེལ་ནས་ཕྱི་ལོ་ ༢༠༢༡ ཟླ་ ༡༡ ནང་མཚོ་སྔོན་ཞིང་ཆེན་ཟེར་བས་སློབ་གྲྭ་ཁག་གི་གུང་གསེང་སྐབས་དམིགས་བསལ་བོད་ཡིག་སློབ་ཁྲིད་ཟབ་སྦྱོང་མི་ཆིག་པའི་དམ་དྲག་བྱས་ཡོད་པ་རེད་ལ། དེ་ལྟར་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་རྒྱ་ནག་གཞུང་གིས་སློབ་གསོ་འདྲ་མཉམ་ཟེར་བའི་ལས་འགུལ་འོག་རྒྱ་ནག་གཞུང་འབྲེལ་གྱི་གཏན་འབེབས་བཞིན། དམར་ཤོག་ཚོགས་པའི་སློབ་གསོ་ལག་བསྟར་ཡག་པོ་ཡོང་ཆེད་ཡིན་པ་དང་། དེ་དང་འབྲེལ་ནས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་ཡིག་སློབ་ཁྲིད་གཙོ་ཁྲིད་ཀྱི་སྒེར་གཉེར་སློབ་གྲྭ་མང་དག་ཅིག་སྒོ་བརྒྱབ་ཟིན་པ་མ་ཟད། ཕྱི་ལོ་ ༢༠༢༣ ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་གི་དཀར་མཛེས་ཁུལ་ཡོངས་ཀྱི་སློབ་གྲྭ་ཁག་ཏུ་བོད་ཡིག་སློབ་ཁྲིད་མེད་པ་བཟོས་ཡོད་པ་རེད་ལ། སྐབས་དེར་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་བོད་སྐད་ཡིག་སློབ་གསོ་གསོན་ཐབས་མེད་པའི་གནས་སུ་སྐྱེལ་བཞིན་ཡོད་པ་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།