ཕྱི་རྒྱལ་གསར་འགོད་པ་བོད་ནང་འགྲོ་རྒྱུའི་ཆོག་མཆན་སྤྲད་པ།

རྒྱ་ནག་གིས་རེས་གཟའ་མིག་དམར་ཉིན་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་རྒྱ་གཞུང་གི་བཀོད་སྒྲིག་འོག་བོད་ནང་ལྟ་སྐོར་བྱ་རྒྱུའི་ཆོག་མཆན་སྤྲད་པ།

2009.02.11

༄༅༎སྔ་ལོ་བོད་ནང་བོད་མི་ཚོས་རྒྱ་མིའི་དབང་བསྒྱུར་ལ་ཞི་བའི་ངོ་རྒོལ་གནང་བའི་ཐོག་རྒྱ་གཞུང་གིས་དྲག་གནོན་བྱས་ནས་ལོ་གཅིག་འཁོར་བའི་སྐབས་དེར་རྒྱ་ནག་གིས་རེས་གཟའ་མིག་དམར་ཉིན་ཕྱི་རྒྱལ་གསར་འགོད་པ་ཁག་ཅིག་རྒྱ་གཞུང་གི་བཀོད་སྒྲིག་འོག་བོད་ནང་ལྟ་སྐོར་བྱ་རྒྱུའི་ཆོག་མཆན་སྤྲད་འདུག

ཉི་ཧོང་གི་གསར་འགྱུར་བརྒྱུད་ལམ་ཀེའོ་ཌོ་ཐེ་བའི་གསར་འགྱུར་ལས་ཁང་ཁག་བརྒྱད་ཀྱི་གསར་འགོད་པ་གྲངས་བཅུ་གཅིག་ད་རེས་བོད་ནང་ལྟ་སྐོར་བྱ་ཆོག་རྒྱུའི་ཆོག་མཆན་སྤྲད་པ་དེ་ནི་སྔ་ལོ་ཕྱི་ཟླ་དྲུག་པའི་ནང་པེ་ཅིང་དུ་ཚོགས་པའི་འཛམ་གླིང་ཨོ་ལིམ་པིཀ་རྩེད་འགྲན་ཆེན་མོའི་དཔལ་འབར་བསྐོར་བསྐྱོད་སྐབས་ཕྱི་རྒྱལ་གསར་འགོད་པ་བོད་ནང་ཡོང་བཅུག་པའི་རྗེས་ཐོག་མ་དེ་ཡིན་པ་རེད།

ཕྱི་རྒྱལ་གསར་འགོད་པ་ཚོ་དང་པོ་རྒྱལ་ས་ལྷ་སའི་ནང་གི་ཇོ་ཁང་དུ་ཁྲིད་ཡོད་པ་དང་དེ་གར་ཡོད་པའི་ལོ་གྲངས་སུམ་བཅུ་སོ་བརྒྱད་ལ་སླེབས་པའི་གྲྭ་བ་ཞིག་གིས་སྔ་ལོ་ལྷ་སར་ཟིང་འཁྲུག་ལངས་བའི་ཐོག་དམ་བསྒྲགས་བྱས་པའི་འོག་རྒྱ་ནག་གིས་ཇོ་ཁང་ནང་ནས་དགེ་འདུན་པ་གཅིག་ཀྱང་འཛིན་བཟུང་བྱས་མེད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད།

གྲོང་ཁྱེར་ལྷ་སའི་ནང་སྔ་ལོ་བོད་མི་ཚོས་ཞི་བའི་ངོ་རྒོལ་སྒེར་ལངས་གནང་བའི་བདུན་གཉིས་ཙམ་རྗེས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་ཅིག་ལ་བོད་ནང་ལྟ་སྐོར་བྱས་བཅུག་པའི་སྐབས་ལྷ་སའི་ཇོ་ཁང་ནང་དགེ་འདུན་པ་དར་མ་སུམ་བཅུ་མན་ཙམ་གྱིས་ཕྱི་རྒྱལ་གྱི་གསར་འགོད་པར་རྒྱ་ནག་གི་དབང་བསྒྲུར་འོག་ནས་བོད་ལ་རང་བཙན་དགོས་པའི་བཀའ་མོལ་གསུངས་ཡོད་པ་དང་སྐབས་དེར་དགེ་འདུན་པ་དེ་རྣམས་རྒྱ་མིས་འཛིན་བཟུང་བྱས་ཡོད་པའི་གནས་ཚུལ་ཕྱི་ལ་ཁྱབ་ཡོད་པ་རེད།

ཁེ་ཉིན་རེས་གཟའ་མིག་དམར་ཉིན་ལྷ་སའི་ཇོ་ཁང་གི་གཡས་གཡོན་གནས་སྟངས་ཁུ་སིམ་པོ་ཡོད་པ་དང་ཉེ་འཁོར་རྒྱ་མིའི་བདེ་འཇགས་ཉེན་རྟོག་དཔུང་དམག་འགྲེམས་འཇོག་བྱས་མེད་ཀྱང་ཕྱི་རྒྱལ་གསར་འགོད་པ་ཚོ་རྒྱ་མི་དཔོན་རིགས་ཚོའི་སྲུང་ཆ་དམ་པོའི་འོག་ལྟ་སྐོར་ལ་ཕེབས་པ་ལས་རང་མོས་ཐོག་ནས་དངོས་ཡོད་གནས་ཚུལ་གཟིགས་ཐུབ་རྒྱུའི་གོ་སྐབས་གནང་མེད་པ་རེད།

དེ་བཞིན་རེས་གཟའ་མིག་དམར་གྱི་ཕྱི་དྲོ་གསར་འགོད་ལྷན་ཚོགས་ཤིག་ཚུགས་ཡོད་པའི་སར་ས་གནས་དཔོན་རིགས་ཚོས་བསམ་ཚུལ་བསྐྱར་བཤད་བྱས་ཡོད་ཅིང་བོད་རང་སྐྱོང་ལྗོངས་མིི་དམངས་འཐུས་ཚོགས་དབུས་རྒྱུན་ལས་ཚོགས་ཆུང་གི་ཚོགས་གཞོན་ཉི་མ་ཚེ་རིང་ལགས་ཀྱིས་བོད་ནང་གི་ཟིང་འཁྲུག་དེ་ཏྰ་ལའི་བླ་མ་མཆོག་གིས་བརྒྱུད་སྐུལ་གནང་བ་ཞིག་ཡིན་པའི་སྐོར་སྐྱོན་བརྗོད་ཞུས་པ་དང་བོད་དེ་བཞིན་རྒྱ་ནག་ནས་ཁ་བྲལ་འགྲོ་ཐབས་མེད་པའི་རྒྱ་ནག་གི་སྙོན་མེད་ཆ་ཤས་ཤིག་ཡིན་དུས་བོད་ལ་རང་བཙན་ནམ་ཡང་ཐོབ་རྒྱུ་མིན་པའི་སྐོར་འགྲེལ་བརྗོད་བྱས་འདུག

འོན་ཀྱང་ཉི་ཧོང་གི་ཀེའོ་ཌོ་གསར་ལས་ཁང་གིས་ཁ་ས་གནས་ཚུལ་སྤེལ་བའི་ནང་ཁ་ས་སྔ་དྲོ་དམག་ཆས་མ་གྱོན་པའི་རྒྱ་མིའི་དམག་མིས་གྲོང་ཁྱེར་ལྷ་སའི་ནང་སྔ་ལོ་ཞི་རྒོལ་བྱེད་སའི་ས་གནས་ཁག་ཏུ་ལྟ་སྲུང་བྱེད་བཞིན་ཡོད་པ་དང་ས་གནས་བོད་མི་ཞིག་གིས་གསར་འགོད་པར་ཉིན་འགའ་ཤས་གོང་ཇོ་ཁང་གི་གཡས་གཡོན་རྒྱ་མིའི་ཉེན་རྟོག་པ་མང་པོ་ཡོད་ནའང་གསར་འགོད་པ་སོགས་ལྟ་སྐོར་ལ་ཕེབས་སྐབས་ཁོང་ཚོ་དམག་ཆས་མ་གྱོན་པར་མང་ཚོགས་ཁྲོད་ཁ་བཀྲམ་ནས་ལྟ་སྲུང་མུ་མཐུད་བྱེད་བཞིན་ཡོད་པའི་སྐོར་འགྲེལ་བརྗོད་གནང་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་གིས་ཨ་རིར་གཞུང་འབྲེལ་ཕྱོགས་ཕེབས་དང་འབྲེལ་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་དགོས་པའི་འབོད་སྐུལ་ཞུས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཌེ་ལྦེཌ་པར་ཌུ་ལགས་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཆེན་མོར་བསྐོ་གཞག་གནང་གཏན་འཁེལ་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎