རྒྱ་ནག་གཞུང་གིས་ཏཱ་ལའི་ཁ་བྲལ་ལ་རྒྱབ་སྐྱོར་བྱེད་མཁན་དང་མགོ་གཉིས་མ་ཚོས་གཞུང་གི་ལས་ཀ་ལ་ཐོ་འགོད་བྱས་མི་ཆོག་ཟེར།

2023.11.29
རྒྱ་ནག་གཞུང་གིས་ཏཱ་ལའི་ཁ་བྲལ་ལ་རྒྱབ་སྐྱོར་བྱེད་མཁན་དང་མགོ་གཉིས་མ་ཚོས་གཞུང་གི་ལས་ཀ་ལ་ཐོ་འགོད་བྱས་མི་ཆོག་ཟེར། རྒྱ་ནག་གི་བརྡ་ཐོའི་ནང་ཆ་རྐྱེན་གཙོ་བོ་ལས་ཀར་ཐོ་འགོད་བྱེད་མཁན་ཚོས་༸གོང་ས་མཆོག་དང་ཁ་བྲལ་བའི་ལས་འགུལ་ལ་རྒྱབ་སྐྱོར་དང་ངན་འབྲེལ་བྱེད་མཁན་ཚོས་ཐོ་འགོད་བྱས་མི་ཆོག་སྐོར་བཀོད་འདུག།
སྒྲིག་བཟོ།

འདི་ལོའི་ཕྱི་ཟླ་༡༡་ནང་རྒྱ་ནག་གཞུང་གིས་གཞིས་རྩེ་གྲོང་ཁྱེར་དུ་གྲོང་གསེབ་དར་རྒྱས་ཞེས་པའི་ལས་འཆར་འོག་ས་མིག་༥༥༤་ལ་གཞུང་གི་ལས་ཀའི་ས་མིག་ཡོད་པའི་བརྡ་ཐོ་བཏང་ཡོད་པ་དང་། ལས་ཀ་བ་དེ་དག་གི་ལས་གནས་ནི་གྲོང་གསེབ་འཛུགས་སྐྲུན་ཆེད་མཁས་པ་དང་། ཚན་རིག་ལག་རྩལ་མི་སྣ། སྨན་བཅོས་མི་སྣ།་ཞིང་ལས་དང་གྲོང་གསེབ་ཀྱི་ལས་དོན་ཆེད་མཁས་པ། གྲོང་གསེབ་ཀྱི་བྱིས་པའི་སློབ་གསོ་མི་སྣ་བཅས་སུ་བསྐོ་རྒྱུ་བརྗོད་ཡོད་ཀྱང་། བརྡ་ཐོའི་ནང་ཆ་རྐྱེན་གཙོ་བོ་ལས་ཀར་ཐོ་འགོད་བྱེད་མཁན་ཚོས་༸གོང་ས་མཆོག་དང་ཁ་བྲལ་བའི་ལས་འགུལ་ལ་རྒྱབ་སྐྱོར་དང་ངན་འབྲེལ་བྱེད་མཁན་ཚོས་ཐོ་འགོད་བྱས་མི་ཆོག་སྐོར་བཀོད་འདུག། དེ་ཐད་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་སྲིད་གཞུང་གི་ལས་ཀ་དང་གོ་སྐབས་བེད་སྤྱད་བྱས་ནས་བོད་ནང་གི་མི་སྒེར་བའི་དད་མོས་དང་རང་དབང་རྡོག་རོལ་གཏོང་བ་དང་། མི་སྒེར་གྱི་འཚོ་གནས་སོགས་ལ་སྟངས་འཛིན་བཀག་བསྡོམས་བྱེད་ཀྱི་ཡོད་པ་འགྲེལ་བརྗོད་གནང་བྱུང་།

ལས་ཀའི་ས་མིག་དེ་བཞིན་ཕྱི་ལོ་༢༠༢༣ལོའི་བོད་རང་སྐྱོང་ལྗོངས་ཀྱི་སློབ་ཆེན་མཐར་ཕྱིན་སློབ་མར་དམིགས་པ་ཞིག་ཡིན་སྐོར་བཀོད་འདུག་ལ། བརྡ་ཐོའི་དེའི་དོན་ཚན་དང་པོའི་ལས་ཀ་བའི་ཐོ་འགོད་ཆ་རྐྱེན་ཞེས་པའི་ནང་། དམར་ཤོག་ཚོགས་པའི་བསམ་བློ་དང་ཆབ་སྲིད་ལ་དགའ་མོས་ཡོད་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་མཐོ་བོ་དང་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ལ་བརྩི་བཀུར་བཅས་དགོས་པ་ལས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་མེད་པ་དང་ཕུགས་བསམ་དང་ཡིད་ཆེས་མེད་པའི་མི། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་མི་བྱེད་མཁན། ཏཱ་ལའི་བླ་མར་སྐྱོན་བརྗོད་དང་ཁ་བྲལ་བར་ངོ་རྒོལ་བྱེད་དགོས་པ། ངོ་གཉིས་མ་བྱས་ཏེ་ཁ་བྲལ་བའི་ལས་འགུལ་ལ་དངོས་ཤུགས་བརྒྱུད་གསུམ་ནས་ངན་འབྲེལ་ཡོད་མཁན་ཚོས་ཐོ་འགོད་བྱས་མི་ཆོག་སྐོར་བརྗོད་འདུག་ལ། ཡང་པདྨ་རྒྱལ་ལགས་ནས་རྒྱ་ནག་གཞུང་གིས་བོད་མི་ཚོར་༸གོང་ས་མཆོག་ལ་དད་མོས་བྱེད་མི་ཆོག་པའི་ཐབས་ཤེས་སྣ་ཚོགས་བཀོལ་ན་ཡང། ད་བར་གྲུབ་འབྲས་གང་ཡང་བྱུང་མེད་པ་བརྗོད་བྱུང་།

ཐེངས་འདིར་རྒྱ་ནག་གཞུང་འབྲེལ་གྱིས་བཏང་བའི་བརྡ་ཐོ་དེའི་ནང་། ས་མིག་དེ་དག་ནས་གྲོང་གསེབ་ཡར་རྒྱས་ཆེད་ལས་མི་སྣ་༡༣༥་དང་། ཚན་རྩལ་ཆེད་ལས་མི་སྣ་༢༣༥དང་། གྲོང་གསེབ་སྨན་བཅོས་མི་སྣ་༣༩། ཞིང་ལས་ཆེད་མཁས་པ་༤༥དང་གྲོང་གསེབ་དགེ་རྒན་༡༠༠བཅས་བསྐོ་བཞག་བྱ་རྒྱུ་ཡིན་པ་བཀོད་འདུག་ལ། བོད་ནང་གི་གཞུང་ཞབས་ས་མིག་ཁག་ཏུ་རྒྱ་རིགས་དང་བོད་རིགས་གཉིས་ནས་ཡིག་རྒྱུགས་གཏོང་ཆོག་གི་ཡོད་སྟབས། རྒྱ་རིགས་མི་འབོར་མང་བ་དང་ཚུད་རྒྱུགས་ཀྱི་འདྲི་ཤོག་ཀྱང་རྒྱ་ཡིག་རྐྱང་པའི་ཐོག་བཀོད་ཡོད་པས། ཡིག་རྒྱུགས་གཏོང་མཁན་བོད་མི་མང་པོ་ཞིག་ལ་དཀའ་ངལ་འཕྲད་བཞིན་ཡོད་པའི་གནས་ཚུལ་བྱུང་གི་ཡོད་པ་རེད་ལ། དེ་ཕྱི་ལོ་༢༠༢༡ཕྱི་ཟླ་༡༡་ཚེས་༡༨་ཉིན་བོད་རང་སྐྱོང་ལྗོངས་ཟེར་བས་མི་མང་གི་ངོས་ནས་སྲིད་གཞུང་ལ་བསམ་འཆར་བསྡུ་རུབ་ཞེས་པ་ཞིག་བསྒྲགས་པའི་ནང་། བསམ་འཆར་བརྒྱ་ཆ་༨༠་ལྷག་སློབ་ཆེན་མཐར་ཕྱིན་རྗེས་ལས་ཀ་མི་རག་པའི་ལས་ཞུགས་ཀྱི་གནད་དོན་ཡིན་སྐོར་བཀོད་ཡོད་འདུག
སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༢༡་ལོའི་སློབ་ཆེན་སློབ་ཐོན་པ་ཚོ་གཞུང་ཞབས་ལས་བྱེད་དུ་ཡིག་རྒྱུགས་གཏོང་ཕྱོགས་ཀྱི་བརྡ་ཐོ་དོན་ཚན་ཆེ་ཁག་བཅུ་བཏང་བའི་ནང་། ཁ་བྲལ་ལ་ངོ་རྒོལ་དང་རྒྱ་ནག་གཞུང་གི་ཆབ་སྲིད་ལངས་ཕྱོགས་བརྩི་སྲུང་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་རེད་ལ། འདི་ལོའི་ཕྱི་ཟླ་༦ནང་ཤེས་རྟོགས་བྱུང་བ་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དང་། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གཉིས་ནས། ཕྱི་ལོ་༢༠༢༣ལོའི་སློབ་ཆེན་མཐར་ཕྱིན་སློབ་མའི་ལས་ཞུགས་བརྡ་ཁྱབ་དང་གོ་འཇོ་རྫོང་བོད་སྨན་ཁང་གཉིས་ཀྱི་ལས་ཞུགས་བརྡ་ཐོ་བཏང་བའི་ནང་། ལས་ཞུགས་མཁན་ཚོས་ཁ་བྲལ་ལ་ངོ་རྒོལ་དང་། ༸གོང་ས་མཆོག་ལ་སྐྱོན་བརྗོད་བྱེད་དགོས་པའི་ཆ་རྐྱེན་བཏོན་ཡོད་པ་རེད། 

གསར་འགོད་པ། དཔལ་འབར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་། 
རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན། 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཁྲིམས་ཁང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་མ་དངུལ་མཁོ་སྤྲོད་དགོས་པའི་ཁྲིམས་ཀྱི་ཐག་གཅོད་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་དགའ་བསུ་ཞུས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་གི་རྫ་སྟོད་རྫོང་གི་ས་འགུལ་ཁྲོད་མི་རྒྱུ་གཉིས་ལ་གནོད་སྐྱོན་བྱུང་མེད་སྐོར། བོད་ནང་གི་བོད་མིས་འགྲེལ་བརྗོད་གནང་གི་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎