རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ལིའུ་ཤའོ་ཕུའུ་བཀག་ཉར།
2009.01.02
༄༅༎ཉེ་ཆར་རྒྱ་ནག་ནང་དམངས་གཙོའི་བཅོས་བསྒྱུར་གཏོང་དགོས་པའི་སྐོར་ལ་ཕྱི་ལོ་༢༠༠༨ལོའི་རྩ་འཛིན་ཡིག་ཆར་ས་རྟགས་བརྒྱབ་མཁན་གྱི་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་ལིའུ་ཤའོ་ཕུའུ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་རྗེས་ཁྲིམས་བཤེར་མ་བྱས་པའི་གོང་དུ་དོ་དམ་བྱེད་ཡུལ་གྱི་ས་གནས་ཞིག་ཏུ་བཀག་ཉར་བྱེད་བཞིན་པ་ཤེས་རྟོགས་བྱུང་བའི་སྐོར་དེ་རིང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལས་འགུལ་སྤེལ་མཁན་གྱིས་གསུང་ཡོད་པ་རེད།
ལིའུ་ཤོའུ་ཕུའུ་ནི་དམངས་གཙོའི་ལྟ་སྤྱོད་ཐད་རྩོམ་བྲིས་སྤེལ་མཁན་གྱི་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཞིག་ཡིན་པ་མ་ཟད་ཉེ་ཆར་འཛམ་གླིང་ཡོངས་ཁྱབ་ཏུ་འགྲོ་བ་མིའི་ཐོབ་ཐང་གསལ་བསྒྲགས་བྱས་ཏེ་མི་ལོ་དྲུག་ཅུ་འཁོར་བའི་དུས་དྲན་དང་སྟབས་བསྟུན་རྒྱ་ནག་ནང་གི་ཆབ་སྲིད་ཚོགས་པ་གཅིག་གིས་དབང་འཛིན་བྱེད་པའི་ཆབ་སྲིད་ལམ་ལུགས་མེད་པ་བཟོ་དགོས་པ་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་སྐོར་ལ་དོན་ཚན་བཅུ་དགུ་ཅན་གྱི་ཕྱི་ལོ་༢༠༠༨ལོའི་རྩ་འཛིན་ཡིག་ཆ་ཞེས་པ་ཟིན་བྲིས་སྐྱོན་མཁན་དང་ཡིག་ཆ་དེའི་ཐོག་ལ་རྒྱ་ནག་ནང་གི་ཆེད་ལས་པ་དང་ཁྲིམས་རྩོད་པ།ཚོང་ལས་པ།ཞིང་པ།རྩོམ་བྲིས་པ་སོགས་ལ་རིགས་མི་འདྲ་བའི་མི་དམངས་གསུམ་བརྒྱ་བཅུ་མེད་གསུམ་གྱིས་ས་རྟགས་རྒྱབ་མཁན་གྱི་གྲས་སུ་ཡོད་པར་བརྟེན་ན་ནིང་ཕྱི་ལོ་༢༠༠༨ལོའི་ཕྱི་ཟླ་བཅུ་གཉིས་པའི་ཚེས་བརྒྱད་ཉིན་རྒྱ་མིའི་ཉེན་རྟོག་པས་ཁོང་བཙན་ཁྲིད་བྱས་པའི་རྗེས་རྒྱལ་སྤྱིའི་རྩོམ་བྲིས་པ་གྲགས་ཅན་དང་ཆེད་ལས་མཁས་དབང་ཚོས་རྒྱ་ནག་གཞུང་ལ་ཁོང་གློད་འགྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་བྱས་ཡོད་ཀྱང་ད་ལྟ་བར་ཁོང་ག་པར་བཙོན་འཇུག་དོ་དམ་བྱས་ཡོད་མེད་སུ་གཅིག་གིས་ཤེས་རྟོགས་མེད་པ་རེད། ཡིན་ནའང་དེ་རིང་ཁོང་གི་ཕྱག་རོགས་དམངས་གཙོ་དོན་གཉེར་ཅན་ཅང་ཆི་ཧྲེང་གིས་ཕེ་རན་སི་གསར་འགོད་པར་ལིའུ་ཤའོ་ཕུའུ་ནི་རྒྱལ་ས་པེ་ཅིང་གི་ཉེ་འཕྲིས་ཀྱི་ས་ཁུལ་ཞིག་ནང་ཁྲིམས་བཤེར་མ་བྱས་གོང་དུ་དོ་དམ་བཀག་ཉར་བྱེད་ཡུལ་ཞིག་ཏུ་ཡོད་པ་ཤེས་རྟོགས་བྱུང་ཡོད་ཀྱང་ས་ཆ་ག་པར་ཡིན་མིན་མིང་སོགས་གཏན་འཁེལ་བ་ཤེས་རྟོགས་མ་བྱུང་ཞེས་གསུང་ཡོད་པ་རེད། ལིའུ་ཤའོ་ཕུའུ་ནི་དེ་སྔ་ཕྱི་ལོ་༡༩༨༩ལོའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་དམངས་གཙོའི་སློབ་ཕྲུག་གི་ལས་འགུལ་སྐབས་ལའང་དམངས་གཙོའི་ལས་འགུལ་དེའི་སྣེ་ཁྲིད་གནང་མཁན་གྱི་མི་སྣ་ཞིག་ཡིན་ཞིང་སྐབས་དེར་ཁོང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་མ་ཟད་ད་རེས་ཉེ་ཆར་རྒྱ་ནག་གཞུང་ལ་ཕུལ་བའི་རྒྱ་ནག་དམངས་གཙོ་ཅན་དུ་བཅོས་བསྒྱུར་ཡོང་ཐབས་ཀྱི་རྩ་འཛིན་ཡིག་ཆ་ཟིན་བྲིས་བརྒྱབ་པར་བརྟེན་ནས་སླར་ཡང་འཛིན་བཟུང་བྱས་ཡོད་པ་རེད།