བོད་ནས་བཙན་བྱོལ་དུ་ཕེབས་ཐུབ་མཁན་ཉུང་དུ་འགྲོ་བཞིན་པ།
2011.11.26
༄༅༎བོད་ནང་རྒྱ་ནག་གཞུང་གིས་དམ་དྲག་ཇེ་ཆེར་གཏོང་བཞིན་པར་བརྟེན་བོད་ནས་བཙན་བྱོལ་དུ་ཕེབས་ཐུབ་མཁན་ཇེ་ཉུང་དུ་འགྲོ་བཞིན་པ་རེད། དབྱིན་ཇིའི་གསར་ཤོག་རྡ་ལོན་ཌོན་ཞེས་པའི་ནང་གནས་ཚུལ་ཐོན་པར་གཞིགས་ན། བོད་ཀྱི་ས་མཚམས་གྲོལ་ནས་བཙན་བྱོལ་དུ་བྲོས་བྱོལ་ཕེབས་མཁན་ཇེ་ཉུང་དུ་ཕྱིན་པའི་རྒྱུ་རྐྱེན་ནི། རྒྱ་ནག་གཞུང་གིས་དམ་དྲག་ཅི་ཆེ་བྱེད་བཞིན་པའི་དབང་གི་ཡིན་པར་འགྲེལ་བརྗོད་གནང་འདུག
འོན་ཀྱང་བདུན་ཕྲག་འདིའི་ནང་དགེ་འདུན་དབང་པོ་སྐྱོན་ཅན་གུ་རུ་ཞུ་བ་རང་ལོ་སུམ་ཅུའི་ནང་ཡིན་པ་ཞིག་ངལ་བ་ཁྱད་དུ་བསད་དེ་བཞུགས་སྒར་རྡ་རམ་ས་ལའི་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ལེན་ཁང་དུ་འབྱོར་ནས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་སྐོམ་པ་ཆུ་འདོད་ལྟར་འགུག་ནས་བཞུགས་ཡོད་པ་རེད། དེ་སྔོན་བལ་ཡུལ་བརྒྱུད་ནས་བོད་མི་བཙན་བྱོལ་དུ་ཕེབས་མཁན་སྟོང་ཕྲག་མང་པོ་བྱེད་ཀྱི་ཡོད་ཅིང་། ཕྱི་ལོ་༢༠༠༤་ལོ་ནས་༢༠༠༧་ལོ་བར་བོད་མི་གྲངས་ཆིག་ཁྲི་ཉིས་སྟོང་ཙམ་བཙན་བྱོལ་དུ་ཕེབས་ཐུབ་ཡོད་པ་རེད། ཕྱི་ལོ་༢༠༠༨་ལོར་བོད་ཆོལ་ཁ་གསུམ་གྱི་ནང་ཞི་རྒོལ་ཆེན་མོ་བྱུང་བའི་རྗེས་སུ་རྒྱ་ནག་གཞུང་གིས་བོད་ཁྱོན་ཡོངས་སུ་སྔར་བས་དམ་དྲག་ཆེ་རུ་བཏང་བར་བརྟེན་དེང་བལ་ཡུལ་བརྒྱུད་ནས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་མཁན་ཟླ་རེའི་ནང་མི་གྲངས་ལྔ་བཅུ་ཙམ་ལས་ཕེབས་ཐུབ་ཀྱི་མེད་པ་རེད། ལྷག་པར་རྒྱ་ནག་གཞུང་གིས་བལ་ཡུལ་གཞུང་ལ་གནོན་ཤུགས་ཅི་ཆེ་སྤྲོད་བཞིན་པའི་འོག་བོད་ནས་བྲོས་བྱོལ་དུ་ཕེབས་མི་བོད་རིགས་བརྒྱ་ཕྲག་མང་པོ་བལ་ཡུལ་ནས་ཕྱིར་སློག་བྱེད་ཀྱི་ཡོད་པ་དང༌། རྒྱ་ནག་གཞུང་གིས་ཕྱིར་རྩིས་སྤྲོད་བྱུང་བའི་བོད་རིགས་དེ་དག་ལ་མནར་གཅོད་གཏོང་གི་ཡོད་པའི་སྐོར་བལ་ཡུལ་སྣེ་ལེན་ཁང་གི་འགན་འཛིན་གྱིས་འགྲེལ་བརྗོད་གནང་འདུག
ཕྱིལོ་༢༠༠༨་ལོར་བོད་ནང་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་རྟག་ཏུ་བོད་མི་ཚོར་སྡང་ཟུག་ཆེན་པོ་དང་། བལྟ་ཞིབ་ནན་པོའི་འོག་དམ་དྲག་སྔར་བས་ཆེ་རུ་བཏང་སྟེ་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བཙན་འཕྲོག་བྱེད་བཞིན་པ་ནི། འདི་ལོ་བོད་རིགས་མང་པོས་རང་ལུས་མེར་བསྲེགས་བཏང་སྟེ་ངོ་རྒོལ་གནང་བ་ནས་གསལ་པོ་ར་སྤྲོད་ཐུབ་ཀྱི་ཡོད་པ་རེད། ཡང་བལ་ཡུལ་དང་རྒྱ་ནག་གཉིས་མཛའ་མཐུན་གྱི་འབྲེལ་བ་གོང་འཕེལ་ཇི་ཙམ་ཕྱིན་པ་དེ་ཙམ་གྱིས་བོད་མིའི་བཙན་བྱོལ་དུ་ཡོང་རྒྱུར་དཀའ་ཚེགས་ཆེ་བ་དང་། བལ་ཡུལ་དུ་གཏན་སྡོད་བྱེད་མི་བོད་རིགས་ཚོར་ཡང་དཀའ་ངལ་འཕར་མ་སྤྲོན་བཞིན་ཡོད་པ་རེད། བོད་ནང་བྲོས་བྱོལ་དུ་ཕེབས་མི་མང་པོས་ལམ་རྒྱུས་བྱེད་པོར་དངུལ་འབོར་ཕོན་ཆེ་སྤྲོད་དགོས་ཤིང་། འཇུ་སངས་སྐྱིད་ཅེས་པའི་ཁམས་ནས་བྲོས་བྱོལ་དུ་ཡོང་བའི་བུ་མོ་ཞིག་གིས་དེ་སྔ་བཙན་བྱོལ་དུ་ཡོང་སྐབས་ས་མཚམས་ནས་ལན་ཅིག་འཇུ་བཟུང་གིས་ཕྱིར་རྒྱ་མིར་རྩིས་སྤྲོད་བྱས་ཀྱང་སླར་ཡང་ཨ་སྒོར་ཉིས་སྟོང་ཙམ་ལམ་འཁྲིད་པར་སྤྲད་དེ་རྡ་རམ་ས་ལར་འབྱོར་ཐུབ་ཡོད་པ་དང༌། རང་ལོ་བཅོ་ལྔ་ལས་སོན་མེད་སྟབས་སློབ་གྲར་འཛུལ་ཏེ་སློབ་གཉེར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། གང་ལྟར་བོད་ནས་བོད་རིགས་ཚོ་རྒྱ་མིའི་བཙན་གནོན་འོག་ནས་བཙན་བྱོལ་དུ་འབྱོར་གྱི་ཡོད་ཅིང་། སློབ་གཉེར་དང་༧གོང་ས་མཆོག་མཇལ་ཁ་ཞུ་རྒྱུ་གཙོ་བོར་བཟུང་གི་ཡོད་པ་རེད་ཅེས་གསར་འགོད་གནང་འདུག།