རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཞིག་ལ་ཁྲིམས་ཐག་བཅད་འདུག
2017.11.21
རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཞིག་ལ་རྒྱལ་ཁབ་མགོ་རྟིང་སློག་རྩིས་བྱས་པའི་ཉེས་བཙུགས་ཐོག་ནས་བཙོན་འཇུག་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་གཟའ་མིག་དམར་ཉིན་རྒྱ་ནག་ཝུའུ་ནན་ཞིང་ཆེན་གྲང་ཧྲའ་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཅང་ཐན་ཡུང་གིས་རྒྱལ་ཁབ་མགོ་རྟིང་སློག་རྩིས་ཀྱི་ཉེས་བཙུགས་ཐོག་ནས་བཙོན་འཇུག་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་ཡོད་ཅིང་། ཁྲིམས་ཁང་གིས་འགྲོ་བ་མིའི་ཐོབ་ཐང་ཁྲིམས་རྩོད་པ་ཅང་ཐན་ཡུང་གི་གྱོད་དོན་སྐོར་ཁྲིམས་ཁང་དེའི་ཝེ་པོ་དྲ་རྒྱའི་ཐོག་གནས་ཚུལ་ཕྱིར་བསྒྲགས་བྱས་ཡོད་པའི་ནང་། ཅང་ཐན་ཡུང་ལ་དུས་ཡུན་རིང་པོའི་ནང་ཕྱི་རྒྱལ་གྱི་རྒྱ་ནག་ལ་མི་དགའ་མཁན་ཚོའི་ཤུགས་རྐྱེན་ཐེབས་ནས་རིམ་པས་རྒྱལ་ཁབ་ཀྱི་ད་ལྟའི་ལམ་ལུགས་མགོ་རྟིང་སློག་རྒྱུའི་བསམ་བློ་སླེབས་ཏེ་རྒྱལ་ཁབ་ཀྱི་ཁྲིམས་འཛིན་ལས་ཁང་དང་ལམ་ལུགས་ལ་དམའ་འབེབས་དང་སྐྱོན་བརྗོད་བྱས་པ་སོགས་ཀྱིས་ཁྲིམས་ཁང་ནས་ཅང་ཐན་ཡུང་གིས་རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྩིས་བྱས་པའི་ནག་ཉེས་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་ལུགས་སོགས་བཀོད་ཡོད་འདུག
ད་དུང་ཅང་ཐན་ཡུང་གིས་ཁྲིམས་ཁང་དུ་རིམ་པ་གོང་མའི་ཁྲིམས་ཁང་ལ་ཁྲིམས་གཏུགས་བྱ་རྒྱུ་མེད་ལུགས་བརྗོད་ཡོད་པ་བཀོད་ཡོད་འདུག ཡིན་ནའི་ཅང་ཐན་ཡུང་གིས་བཟའ་ཟླ་ཅིང་པན་ལིན་གྱིས་རྒྱ་ནག་གྲང་ཧྲའ་གྲོང་ཁྱེར་འབྲིང་རིམ་ཁྲིམས་ཁང་གིས་ཅང་ཐན་ཡུང་ལ་བཙོན་འཇུག་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་པར་ཁས་ལེན་བྱེད་ཐབས་མེད་པ་དང་། ཅང་ཐན་ཡུང་གིས་ཁྲིམས་རྕོད་པ་ཞིག་གི་ངོས་ནས་རང་ཉིད་ཀྱི་འགན་ཁྲིའི་ལས་འགན་འཁུར་བར་ཉེས་པ་གང་ཡང་མེད་པས་ཁོ་མོས་མུ་མཐུད་ནས་ཅང་ཐན་ཡུང་གི་རང་དབང་ཆེད་འབད་བརྩོན་བྱ་རྒྱུ་ཡིན་པའི་སྐོར་བརྗོད་ཡོད་འདུག
ཁྲིམས་རྩོད་པ་ཅང་ཐན་ཡུང་རྒྱ་ནག་གཞུང་གིས་འཇུ་བཟུང་བྱས་ནས་ལོ་ངོ་གཅིག་ཙམ་རིང་ཁོང་གི་ནང་མི་ཚོས་གླས་པའི་ཁྲིམས་རྩོད་པ་དང་ཐུག་འཕྲད་བྱེད་བཅུག་རྒྱུའི་རེ་འདུན་ཐེངས་མང་བཏོན་ཡང་རྒྱ་ནག་གཞུང་ཕྱོགས་ནས་ཁས་ལེན་བྱས་མེད་པ་རེད་འདུག ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་ཁྲིམས་རྩོད་པ་ཅང་ཐན་ཡུང་པེ་ཅིན་ནས་གྲང་ཧྲའ་རུ་བསྐྱོད་པའི་སྐབས་གར་སོང་ཆ་མེད་དུ་གྱུར་ནས་ཕྱི་ཟླ་བཅུ་གཉིས་པའི་ཚེས་༡༧་ཉིན་རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཐོག་ཅང་ཐན་ཡུང་གིས་མི་གཞན་གྱི་སྤྱི་འབངས་ཀྱི་ཐོབ་ཐང་ལག་འཁྱེར་བེད་སྤྱོད་བྱས་ལུགས་དང་། དེབཞིན་རྒྱལ་ཁབ་ཀྱི་གསང་བ་ཁྲིམས་འགལ་ཐོག་ནས་ཕྱི་རྒྱལ་དུ་མཁོ་འདོན་བྱས་པའི་དོགས་གཞི་འོག་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་པའི་སྐོར་གནས་ཚུལ་བཀོད་ཡོད་པ་རེད། ཁྲིམས་རྩོད་པ་ཅང་ཐན་ཡུང་གིས་འདས་པའི་ནང་རྩོད་གཞི་ཡོད་པའི་གྱོད་དོན་མང་པོ་ཞིག་གི་ཐོག་ཁྲིམས་རྩོད་པ་གནང་མྱོང་ཡོད་པ་རེད།
གསར་འགོད་པ་འཆི་མེད།