རྒྱ་ནག་ནང་གླ་རྒྱུག་མོ་ཊ་གཏོང་མཁན་ཁ་ལོ་པས་ངོ་རྒོལ།

རྒྱ་ནག་གི་ཟི་ལིང་གྲོང་ཁྱེར་ནང་གླ་རྒྱུག་མོ་ཊ་གཏོང་མཁན་གྱི་ཁ་ལོ་བ་ཁྲི་ལྔ་ལྷག་གིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་ཡོད་པའི་སྐོར།

2009.06.14

༄༅༎རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་གྱི་ཟི་ལིང་གྲོང་ཁྱེར་ནང་གླ་རྒྱུག་མོ་ཊ་གཏོང་ཆོག་པའི་ལག་འཁྱེར་དུས་ཚོད་ཐུང་དུ་གཏང་རྒྱུའི་སྒྲིག་སྲོལ་གསར་པ་གཏན་འབེབས་བྱས་པའི་གནས་ཚུལ་ཐོན་པའི་རྗེས་དེ་རིང་ཟི་ལིང་གྲོང་ཁྱེར་ནང་གླ་རྒྱུག་མོ་ཊ་གཏོང་མཁན་གྱི་ཁ་ལོ་བ་ཁྲི་ལྔ་ལྷག་གིས་མུ་མཐུད་ཉིན་གཉིས་པ་ལའང་མཚམས་འཇོག་མེད་པར་ངོ་རྒོལ་ལས་འགུལ་སྤེལ་ཡོད་པའི་སྐོར་ཨེ་པི་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་ཤིང་ཧཱ་གསར་ཤོག་ཐོག་ཟི་ལིང་གྲོང་ཁྱེར་ནང་ངོ་རྒོལ་བྱེད་མཁན་ཁ་ལོ་བ་ཉུང་ཤས་ཤིག་ཡིན་པ་བཤད་ཡོད་ཅིང་ཡིན་ནའང་དོན་དངོས་ཐོག་དེ་རིང་མུ་མཐུད་ཁ་ལོ་བ་ལྔ་ཁྲི་ལྔ་སྟོང་ལྷག་གིས་ལས་མཚམས་བཞག་སྟེ་མཚོ་སྔོན་ཞིང་ཆེན་ས་གནས་གཞུང་གིས་གཏན་འབེབས་བྱས་པའི་སྒྲིག་སྲོལ་གསར་པ་དེར་ངོ་རྒོལ་བྱས་ཡོད་པ་རེད། ལས་མཚམས་བཞག་པའི་ངོ་རྒོལ་ལས་འགུལ་དེ་ཐོག་མར་བྱུང་རིམ་ནི་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གཞུང་གི་གསར་ཤོག་ཐོག་ལ་མཚོ་སྔོན་ཞིང་ཆེན་ས་གནས་གཞུང་གིས་སྒྲིག་སྲོལ་གསར་པ་ཞིག་གསལ་བསྒྲགས་བྱས་ཏེ་དེའི་ནང་དུ་གླ་རྒྱུག་མོ་ཊ་དེད་གླ་གཏོང་མཁན་ཚོར་མོ་ཊ་གཏོང་ཆོག་པའི་ལག་འཁྱེར་དེ་སྔོན་ལོ་བཅུ་གཉིས་སྤྲོད་སྲོལ་ཡོད་ཀྱང་ལོ་བརྒྱད་སྤྲོད་རྒྱུ་དང་ལོ་གསུམ་ཐུང་དུ་གཏང་རྒྱུའི་གནས་ཚུལ་ཐོན་པའི་རྗེས་མོ་ཊའི་ཁ་ལོ་བ་ཚོས་ཞིང་ཆེན་སྲིད་གཞུང་གི་སྒྲིག་སྲོལ་གསར་པ་གཏན་འབེབས་བྱས་པ་དེའི་འོག་གླ་རྒྱུ་མོ་ཊ་ཚོང་ལས་ཁང་ལ་ལག་འཁྱེར་གྱི་དུས་ཚོད་རིང་དུ་གཏང་རྒྱུ་རིན་འབབ་མཐོ་པོ་སྤྲོད་དགོས་ཀྱི་རེད་བསམ་པའི་སེམས་ཁྲལ་བྱུང་སྟེ་རེས་གཟའ་སྤེན་པའི་དགོང་དྲོ་ནས་ངོ་རྒོལ་ལས་འགུལ་བྱེད་རྒྱུ་འགོ་བཙུགས་ཡོད་པ་རེད། མཚོ་སྔོན་ཞིང་ཆེན་གྱི་འགྲིམ་འགྲུལ་དཔོན་རིགས་ཤིག་གིས་ཁ་ལོ་བ་ཚོས་གནས་ཚུལ་གོ་ནོར་ཐེབས་པ་ཞིག་ཡིན་པ་ལས་སྲིད་ཇུས་ལ་འགྱུར་བ་གང་ཡང་བཏང་མེད་པའི་སྐོར་ཤིང་ཧཱ་གསར་ཤོག་ཐོག་འགྲེལ་བརྗོད་བྱས་ཡོད་པར་བརྟེན་དེ་རིང་ཨེ་པི་གསར་འགོད་པ་དོན་རྐྱེན་དེ་ཇི་ལྟར་བྱུང་ཡོད་མེད་སྐོར་ཟི་ལིང་གྲོང་ཁྱེར་སྲིད་གཞུང་དང་འགྲིམས་འགྲུལ་ལས་ཁང་གླ་རྒྱུག་མོ་ཊའི་ཚོང་ལས་ཁང་ཆེ་བ་ཁག་ཅིག་ལ་འབྲེལ་གཏུགས་བྱེད་ཐབས་བྱས་ཀྱང་དེ་རིང་གཟའ་མཇུག་འཁྱེར་བར་བརྟེན་ནས་ལན་འདེབས་བྱེད་མཁན་བྱུང་མེད་པ་རེད། རྩ་བའི་རྒྱ་ནག་ནང་གླ་རྒྱུག་མོ་ཊ་གཏོང་མཁན་གྱི་ངོ་རྒོལ་ལས་འགུལ་དེ་ཡང་དཀའ་ངལ་ཞིག་ཡིིན་པ་དང་ན་ནིང་རྒྱ་ནག་གི་གྲོང་ཁྱེར་ཀྲུང་ཆིང་གཙོས་པའི་གྲོང་ཁྱེར་མང་པོ་ཞིག་ནང་གླ་རྒྱུག་མོ་ཊ་ཁ་ལོ་བས་ལས་མཚམས་བཞག་ནས་གཞི་རྒྱ་ཆེ་བའི་ངོ་རྒོལ་ལས་འགུལ་རིམ་པ་སྤེལ་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྐད་ཡིག་སྡེ་ཚན་ཕལ་ཆེ་བ་སྒོ་བརྒྱབ་རྒྱུའི་གསལ་བསྒྲགས།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རྒྱ་གཉིས་ཀྱི་ཚོང་དམག་ཁྲོད་བཟོ་གྲྭ་མང་པོ་སྒོ་བརྒྱབ་པའི་རྐྱེན་གྱིས་རྒྱ་ནག་གི་ས་ཁུལ་གང་སར་ལས་མིས་ངོ་རྒོལ་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎