རྒྱ་ནག་གཞུང་གིས་བྲག་འགོ་རྫོང་ནས་སྟོན་པའི་སྐུ་བརྙན་གཏོར་བཤིག་བཏང་རྗེས་མུ་མཐུད་ས་གནས་དེར་དམ་དྲག་ཤུགས་ཆེ་རུ་བཏང་ཡོད་འདུག

ཉེ་སྔོན་ཕྱི་ཟླ་༡༢ཚེས་༡༢ཉིན་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ། བྲག་འགོ་རྫོང་ཆུ་དབར་གྲོང་སྡེ་དང་ཁ་ཐག་ཉེ་སར་འཛུགས་སྐྲུན་བྱས་ཡོད་པའི་སྟོན་པའི་སྐུ་བརྙན་མཐོ་ཚད་ལ་ཧྥི་ཁྲི་(Foot)༩༩ཅན་དེ་གཏོར་བཤིག་གཏོང་སྐབས། ས་གནས་ཡུལ་མི་ཚོར་གནས་དེར་ཡོང་མི་བཅུག་པ་དང་བརྙན་དང་པར་སོགས་བླངས་བཅུག་མེད་པའི་དམ་དྲག་འོག་གཏོར་བཤིག་བཏང་ཡོད་པ་མ་ཟད། ད་ལྟའི་ཆར་ས་ཁུལ་དེའི་བོད་མི་ཚོར་གནས་ཚུལ་དེའི་སྐོར་ལ་གླེང་སློང་དང་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་མི་ཆོག་པའི་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་སྐོར། བཙན་བྱོལ་དུ་གནས་སྡོད་བོད་མི་གཉིས་ནས་འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
བདེ་འཇགས་སོགས་ཀྱི་གནད་དོན་རྐྱེན་གྱིས་མཚན་བརྗོད་འདོད་མེད་པའི་གོང་ཞུས་གནས་ཚུལ་མཁོ་སྤྲོད་པ་གཅིག་ནས། ད་ལྟའི་ཆར་ཡུལ་ཕྱོགས་དེའི་ནང་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་གཙོས་སྤྱི་ཡོངས་ནས་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད། བྲག་འགོ་དགའ་ལྡན་རྣམ་རྒྱལ་གླིང་དགོན་པའི་དགེ་འདུན་པ་ཚོས་སྤྱི་ཚོགས་དྲ་ལམ་བརྒྱུད་ཕྱི་ཕྱོགས་སུ་འབྲེལ་བ་རིགས་བྱེད་བཞིན་ཡོད་མེད་ཐད་ལྟ་རྟོག་བྱེད་བཞིན་ཡོད་པས། ནམ་རྒྱུན་འབྲེལ་བ་ཡོད་མཁན་ཚོས་འབྲེལ་བ་མི་བྱེད་པའི་རེ་བ་འདོན་བཞིན་ཡོད་པ་དང་། དེ་བཞིན་སྟོན་པའི་སྐུ་བརྙན་དང་འབྲེལ་བའི་གནས་ཚུལ་རིགས་དང་པར་རིས། དྲ་རྒྱ་སོགས་ནག་བསུབ་བཏང་སྟེ་ཅི་ཡང་ཤར་རྒྱུ་མེད་པ་བཟོས་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།
ཐེངས་འདིར་གཏོར་བཤིག་བཏང་བའི་སྟོན་པའི་སྐུ་བརྙན་དེ་བཞིན་ཡུལ་དེའི་ནང་ས་ཡོམ་གྱི་གོད་ཆག་དང་འཇིགས་པ་མི་ཡོང་ཆེད། ཕྱི་ལོ་༢༠༡༥ལོ་ནས་འཛུགས་སྐྲུན་བྱེད་འགོ་ཚུགས་ཡོད་པ་དང་། གོང་ཞུས་གནས་ཚུལ་མཁོ་སྤྲོད་པས་སྐུ་བརྙན་དེ་བཞེངས་སྐྲུན་མགོ་ཚུགས་པ་ནས་ས་གནས་སྲིད་གཞུང་དང་འབྲེལ་བའི་དཀའ་ཁག་མང་དག་ཅིག་འཕྲད་ཡོད་པ་རེད་ལ། སྟོན་པའི་སྐུ་བརྙན་བཞེངས་སྐྲུན་ཚར་བ་ཙམ་ལས་ད་དུང་མཐའ་འཁོར་གྱི་ཁོར་ཡུག་སྤྱི་ཡོངས་ནས་ཚར་མེད་པ་རེད་ལ། ཟླ་ཚེས་སོགས་གསལ་བོ་ཤེས་རྟོག་ཐུབ་མ་སོང་ཀྱང་དེ་སྔ་སྐུ་བརྙན་བཞེངས་སྐྲུན་ཚར་རྗེས་དགོན་པའི་རབ་གནས་སོགས་བྱེད་སྐབས། མི་མང་འདུ་འཛོམས་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་རྒྱུར་རྒྱ་ནག་གཞུང་གིས་དམ་དྲག་བྱས་ཡོད་སྐོར་བརྗོད་བྱུང་།
འདི་ག་ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་ཤེས་རྟོག་བྱུང་བར་གཞིག་ན། རྒྱ་ནག་གཞུང་གིས་གཏོར་བཤིག་བཏང་ཡོད་པའི་སྟོན་པའི་སྐུ་བརྙན་དེ་བཞིན། བྲག་འགོ་རྫོང་ནས་སྤྱི་ལེ་གཅིག་ཙམ་གྱི་གཙང་བོའི་འགྲམ་བརྒྱུད་གྱི་ཆུ་དབར་གྲོང་སྡེའི་མར་གཤམ་དུ་ཡོད་པ་དང་། སྤྱིར་སྟོན་པའི་སྐུ་བརྙན་འཛུགས་སྐྲུན་བྱེད་སའི་ས་ཆ་དེ་ལོ་མང་སྔ་བྲག་འགོ་དགའ་ལྡན་རྣམ་རྒྱལ་གླིང་དགོན་པ་གནས་སྤོ་མ་བྱས་གོང་གི་ཆགས་ཡུལ་ཡིན་པ་དང་། རྗེས་སུ་དགོན་པ་གཡས་ཕྱོགས་ཀྱི་རི་ངོས་སུ་སྤར་རྗེས་ཕྱིར་དུ་ཆུ་དབར་གྲོང་རྡལ་ཆགས་གཞིས་ཆགས་ཡོད་པ་དང་། ད་ལྟའི་ཆར་འཁོར་སྐར་ས་ཁྲ་ནས་བལྟས་པ་ཡིན་ན་སྟོན་པའི་སྐུ་བརྙན་བཞེངས་སའི་ས་ཆ་དང་སྐུ་བརྙན་མཐོང་ཐུབ་ཡོད་པ་རེད།
བྲག་འགོ་རྫོང་ནི་ད་ལྟའི་རྒྱ་ནག་གཞུང་གིས་བཅད་བགོས་བྱས་པའི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་བྱང་རྒྱུད་དུ་ཆགས་ཡོད་པ་དང་། ཤར་དུ་རྟའུ་རྫོང་དང་ནུབ་བྱང་དུ་དཀར་མཛེས་རྫོང་། ལྷོ་ནུབ་དུ་ཉག་རོང་རྫོང་དང་བྱང་ཕྱོགས་སུ་གསེར་རྟ་རྫོང་། བྱང་ཤར་དུ་རྔ་བའི་འཛམ་ཐང་རྫོང་། ཆུ་ཆེན་རྫོང་བཅས་དང་འབྲེལ་ཡོད་པ་རེད་ལ། རྒྱ་ནག་གཞུང་གི་གྲངས་ཐོ་ལྟར་ན་རྫོང་འདིར་གྲོང་རྡལ༡༦དུ་བཟོས་ཡོད་པ་དང་། མི་འབོར་ཁྲི་༣་༩ཡོད་པ་ལས་མི་འབོར་གྱི་བརྒྱ་ཆ༩༢བོད་རིགས་ཡིན་པར་བཤད་ཡོད་པ་རེད།
གསར་འགོད་པ། སངས་རྒྱས་དཀོན་མཆོག
དྲ་ཐོག་རྩོམ་སྒྲིག་པ། བསྟན་འཛིན་འཕགས་སྒྲོན།
དྲ་ཐོག་སྤེལ་མཁན། བསྟན་འཛིན་འཕགས་སྒྲོན།