རྒྱ་ནག་གཞུང་གིས་བོད་མི་རྩོམ་པ་པོ་ཞིག་འཛིན་བཟུང༌།
2011.07.08
༄༅༎རྒྱ་ནག་གཞུང་གིས་བོད་མི་རྩོམ་པ་པོ་པད་མ་རིན་ཆེན་ལགས་འཛིན་བཟུང་བྱས་ཏེ་ཉེས་རྡུང་ཚད་མེད་བཏང་ཡོད་པའི་སྐོར་བོད་ནས་གནས་ཚུལ་མཁྱེན་རྟོགས་ཡོད་མཁན་གྱིས་གཟའ་པ་སངས་ཉིན་འགྲེལ་བརྗོད་གནང་འདུག་
ཕྱི་ལོ་ཉིས་སྟོང་བཅུ་གཅིག་ལོའི་ཕྱི་ཟླ་བདུན་པའི་ཚེས་༥ཉིན་སྨྱུག་མིང་དུ་དུག་ཚེར་ཞེས་འབོད་པའི་བོད་མི་རྩོམ་པ་པོ་པད་མ་རིན་ཆེན་ལགས་བོད་ཁམས་དཀར་མཛེས་རྫོང་་བྲག་མགོ་མི་མང་བདེ་འཇགས་ལས་ཁུངས་ཟེར་བས་འཛིན་བཟུང་གིས་ཉེས་རྡུང་ཚད་མེད་བཏང་སྟེ་ས་གནས་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་འདུག རྩོམ་པ་པོ་པད་མ་རིན་ཆེན་ལགས་ཀྱིས་འདི་ལོའི་ལོ་འགོར་ལྟོས་ཞེས་པའི་དཔེ་དེབ་ཅིག་བསྩམས་ཡོད་པ་དང་དེའི་ནང་རྒྱ་ནག་གཞུང་གིས་བོད་ནང་འཛིན་པའི་སྲིད་བྱུས་དེར་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་མ་ཟད་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་དྲུག་བཅུའི་་རིང་བཙན་གནོན་འོག་དཀའ་སྡུག་ཚོད་མེད་མྱང་པའི་ལོ་རྒྱུས་འཁོད་ཡོད་པའི་ཁར་ ལྷག་པར་དུ་ཕྱི་ལོ་ཉིས་སྟོང་བརྒྱད་ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་རྗེས་བོད་མི་ཞི་རྒོལ་བ་ཚོར་རྒྱ་ནག་གཞུང་ཕྱོགས་ནས་མི་སྤྱོད་ལས་འདས་པའི་དྲག་གནོན་ཚབས་ཆེ་བྱས་པའི་སྐོར་དང་བོད་མི་དེ་དག་གི་ཁྲོད་འགའ་ཤས་ལ་དྲི་བ་དྲིས་ལན་བྱས་པ་རྣམས་འཁོད་ཡོད་པ་རེད་ དེ་མིན་ཕྱི་ལོ་ཉིས་སྟོང་བཅུ་ལོར་བོད་ཁམས་སྐྱེ་རྒུ་མདོར་ས་ཡོམ་གྱི་གོད་ཆགས་ཕེག་རྗེས་རྒྱ་ནག་གཞུང་ནས་ས་གནས་བོད་མིར་ངལ་སེལ་རོགས་སྐྱོབ་ཀྱི་ལས་གཞི་ཁ་ཞེ་གཉིས་མེད་ཀྱི་བྱས་མེད་པའི་སྐོར་སོགས་སྐྱོན་བརྗོད་གནང་ཡོད་པ་དང་ ཁོང་གི་དཔེ་དེབ་༢༠༠༠ཙམ་བོད་ནང་འགྲེམས་སྤེལ་བྱས་ཟིན་ཡོད་པ་དང་ ཡིན་ནའི་དཀར་མཛེས་རྫོང་གི་བྲག་མགོ་མི་མང་བདེ་འཇགས་ལས་ཁུངས་ཟེར་བས་ཁོང་ལ་མི་རིགས་འཁོེན་འཛིན་སྐུལ་སློང་བྱས་ལུགས་ཀྱི་ཉེས་བཙུགས་ཐོག་ནས་འཛིན་བཟུང་བྱས་ཡོད་པ་རེད་