རྒྱ་ནག་གི་སྒྱུ་རྩལ་བ་ཨེ་ལྦེ་ལྦེ་གློད་བཀྲོལ།

རྒྱ་རིགས་སྒྱུ་རྩལ་བ་ཨེ་ལྦེ་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་ཀྱང་ཕྱི་ཕྱོགས་ལ་འགྲོ་རྒྱུའི་ཐོག་དམ་བསྒྲགས་མུ་མཐུད་ནས་ཡོད་པའི་གནས་ཚུལ།

2011.06.23

༄༅༎འཛམ་གླིང་ནང་སྙན་གྲགས་ཅན་གྱི་རྒྱ་རིགས་སྒྱུ་རྩལ་བ་ཨེ་ལྦེ་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་ཀྱང་ཕྱི་ཕྱོགས་ལ་འགྲོ་རྒྱུའི་ཐོག་དམ་བསྒྲགས་མུ་མཐུད་ནས་ཡོད་པའི་གནས་ཚུལ་ཐོན་འདུག

ཟླ་བ་གསུམ་གོང་རྒྱ་ནག་གཞུང་གི་ཉེན་རྟོག་པས་འཛིན་བཟུང་གི་བཙོན་བཅུག་བྱས་པའི་རྒྱ་རིགས་སྒྱུ་རྩལ་བ་ཨེ་ལྦེ་ལྦེ་ཁ་ས་རེས་གཟའ་ལྷག་པའི་ཉིན་གློད་བཀྲོལ་བཏང་བ་དེར་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་དགའ་བསུ་ཞུས་ཡོད་ཀྱང་ཁོང་ཕྱིའི་རྒྱལ་ཁབ་ལ་འགྲུལ་ཞུད་བྱེད་རྒྱུ་ཕར་བཞག་པེ་ཅིང་ནང་དུའང་འགྲོ་འོང་ལ་བཀའ་འཁྲོལ་མེད་པར་འགྲོ་མི་ཆོག་པ་སོགས་ཀྱི་དམ་བསྒྲགས་མུ་མཐུད་ནས་བྱེད་ཀྱི་ཡོད་པ་དེར་བློ་འཚབ་ཡོད་ལུགས་གསུངས་འདུག དེ་ཡང་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱེད་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས། ཁོང་ཐོག་མ་ནས་འཛིན་བཟུང་བྱས་པ་དང་། དོ་དམ་འོག་ཡོད་པའི་སྐབས་བཙན་ཤེད་ཀྱིས་ཁས་ལེན་བྱེད་བཅུག་པ། ད་ཆ་གློད་བཀྲོལ་ཐོབ་ཀྱང་འགྲོ་འོང་ལ་བཀག་འགོག་བྱེད་ཀྱི་ཡོད་པ་སོགས་གནས་ཚུལ་མང་པོ་ཞིག་ད་ལྟའང་བློ་འཚབ་སྐྱེས་གཞི་ཞིག་རེད། འོན་ཀྱང་ཁོང་གློད་བཀྲོལ་ཐོབ་པ་དེར་ཁོང་གི་ནང་མི་དང་ང་ཚོ་རྒྱབ་སྐྱོར་བྱེད་མཁན་ཚོས་དགའ་བསུ་ཞུ་གི་ཡོད་ཅེས་གསུངས་ཡོད་པ་རེད།

ཡང་སྒྱུ་རྩལ་བ་ཨེ་ལྦེ་ལྦེ་ནས་ད་རིང་གསར་འགོད་པ་ཚོར་དམིགས་བསལ་ཞིབ་ཕྲའི་བཀའ་མོལ་གནང་མེད་ཀྱང་ཁོང་ད་ཆ་གློད་བཀྲོལ་ཐོབ་པ་དང་ནང་མི་དང་མཉམ་འཛོམས་ཐུབ་པ་དེར་དགའ་པོ་བྱུང་ཞེས་འགྲེལ་བརྗོད་གནང་འདུག དེ་རིང་རེས་གཟའ་ཕུར་བུའི་འཆར་ཅན་གྱི་གསར་འགོད་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པར་ཁོང་གི་གནད་དོན་ཐོག་འདྲི་རྩད་བྱེད་པའི་སྐབས་མགྲིན་ཚབ་པས། ཁོ་པའི་ཐོག་དཔལ་འབྱོར་གྱི་གནད་དོན་ཐོག་ནས་རྙོག་དྲ་ཡོད་བཞིན་པར་སོང་ཙང་ད་ལྟའི་ཆར་ཁྲིམས་ཐོག་ནས་རྙོག་དྲ་མ་སེལ་བར་པེ་ཅིང་ནས་ཕྱི་ལོག་འགྲོ་ཆོག་གི་ཡོད་པ་མ་རེད་ཅེས་དང་། ཡང་རྒྱ་ནག་གཞུང་ལ་ཕྱི་ཕྱོགས་ཀྱི་གནོན་ཤུགས་ལ་བརྟེན་ནས་གློད་བཀྲོལ་བཏང་བ་ཡིན་མིན་འདྲིས་པའི་སྐབས། ང་ཚོ་རྒྱ་ནག་ནི་ཁྲིམས་ལུགས་ལྡན་པའི་རྒྱལ་ཁབ་ཅིག་རེད། དེ་འདྲ་ཡིན་དུས་རྒྱལ་ཁབ་དེ་དག་ནས་ཀྱང་ཁྲིམས་ཀྱི་འགྲོ་སྟངས་ལ་གུས་བརྩི་ཞུ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་ལན་རྒྱབ་ཡོད་པ་རེད། འོན་ཀྱང་ད་རེས་ཨེ་ལྦེ་ལྦེ་གློད་བཀྲོལ་བཏང་བའི་དུས་ཚིགས་དེ་ནི་སྲིད་བློན་ལྦན་ཇ་བའོ་སང་ཉིན་ནས་བཟུང་ཡུ་རོབ་ཁུལ་འཚམས་འདྲིར་ཕེབས་པའི་དུས་ཚོད་དང་སྟབས་འཁེལ་བ་ཞིག་ཡིན་པ་དང་། ཨེ་ལྦེ་ལྦེ་འཛིན་བཟུང་བྱས་པའི་སྐབས་འཇར་མན་དང་དབྱིན་ཡུལ་སོགས་ནས་སྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད། ཨེ་ལྦེ་ལྦེ་ཞེས་པ་དེ་ནི་སྙན་གྲགས་ཅན་གྱི་སྒྱུ་རྩལ་བ་ཞིག་ཡིན་པ་དང་། དེ་སྔ་ཕྱི་ལོ་ ༢༠༠༨ ལོར་རྒྱ་ནག་ནང་རྒྱལ་སྤྱིའི་རྩེད་འགྲན་ཚོགས་ཡུལ་བྱིའུ་ཚང་ཞེས་པ་དེ་བཀོད་བྱུས་བྱེད་མཁན་གཙོ་བོ་ཞིག་ཡིན་པ་རེད། འོན་ཀྱང་ཁོང་གིས་རྒྱ་ནག་གཞུང་གི་བྱ་སྤྱོད་ལ་སྐྱོན་བརྗོད་ཤུགས་ཆེ་བྱེད་པའི་རྐྱེན་གྱིས་རྒྱ་ནག་གཞུང་ནས་སྡང་ཟུག་བྱེད་རྒྱུ་འགོ་བཙུགས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨ་རིའི་གཞུང་ངོས་ནས་རྒྱ་ནག་དང་ལྷན་ཚོང་འབྲེལ་གྲོས་མོལ་བྱས་ཚེ་རྒྱ་ནག་གིས་ཨ་རིའི་ཅ་དངོས་ཐོག་སྒོ་ཁྲལ་གུ་ཡངས་གཏང་རྒྱུ་ཡིན་པ་བརྗོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་དང་རྒྱ་གར་གཉིས་གྲོས་མོལ་གྱིས། རྒྱ་གར་གྱི་གནས་སྐོར་བ་རྣམས་བོད་ནང་གངས་རིན་པོ་ཆེར་གནས་མཇལ་དུ་བསྐྱོད་རྒྱུ་བསྐྱར་དུ་སྒོ་འབྱེད་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎