རྒྱ་ནག་ཏུ་བོད་མིར་གནམ་གྲུའི་ཞབས་ཞུ་བའི་ལས་ཀ་སྤྲོད་འཆར།
2009.11.20
༄༅༎དེ་རིང་པེ་ཅིང་ནས་ཤིང་ཧྰ་གསར་ཤོག་ཐོག་ལ་གནས་ཚུལ་སྤེལ་བའི་ནང་རྒྱ་ནག་གི་གནམ་གྲུའི་ལས་ཁུངས་ཆེན་པོ་ཞིག་གིས་ཁོང་ཚོའི་གནམ་གྲུའི་ནང་འགྲིམས་འགྲུལ་བྱེད་མཁན་བོད་མི་མང་དུ་འགྲོ་གི་ཡོད་པ་བརྟེན་ནས་གནམ་གྲུའི་ནང་ཞབས་ཞུ་བྱེད་མཁན་བོད་པར་ལས་ཀ་སྤྲོད་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་པ་རེད།
རྒྱ་ནག་གི་ཤར་ཕྱོགས་མཁའ་འགྲུལ་མཉམ་སྦྲེལ་ལས་ཁང་ཟེར་བས་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ས་ཟི་ལིང་ནང་དུ་ཟླ་བ་འདིའི་ཕྱི་ཚེས་༢༨དང་༢༩ཉིན་གཉིས་རིང་ལ་གནམ་གྲུའི་ཞབས་ཞུ་བ་བེུད་འཛུལ་ཞུགས་བྱེད་འདོད་ཡོད་མཁན་གྱི་སྙན་ཞུ་ལེན་རྒྱུའི་འཆར་གཞི་ཡོད་ཅིང་ལས་ཀ་དེའི་ནང་དུ་ལོ་༢༥མན་དང་མཐོ་རིམ་སློབ་གྲ་ཐོན་པའི་ཁོངས་ནས་སྙན་ཞུ་རྒྱབ་ཆོག་གི་ཡོད་ཅིང་ཡིན་ནའང་ལས་ཀ་དེའི་ནང་དུ་ཚུད་པར་བྱེད་པར་ཆ་རྐྱེན་གཙོ་བོ་ནི། བོད་སྐད་དང་རྒྱ་སྐད། དབྱིན་ཇིའི་སྐད་ཡིག་གསུམ་ཧ་ཅང་གི་བདེ་པོའི་ཐོག་སྤྱི་ཚོགས་ཐོག་ལ་ཁྲིམས་འགལ་གྱི་ཉེས་པ་མེད་པ་དང། སྨན་ཁང་ནས་གཟུགས་པོ་ནད་གཞི་མེད་པའི་ལག་འཁྱེར་ཡོད་པ། ངག་གི་འདྲི་བ་སོགས་ཚད་གཞི་ལོང་བ་བྱུང་བའི་བོད་པ་ཞབས་ཞུ་བ་བཅུ་འདེམས་སྒྲུག་བྱ་རྒྱུ་ཡིན་པ་རེད། ཁོང་རྣམས་འདེམས་སྒྲུག་བྱས་པའི་རྗེས་ཕལ་ཆེར་ལོ་གསར་པའི་ཕྱི་ཟླ་དྲུག་པ་དང་བདུན་པ་གང་རུང་ནང་ལས་ཀ་དངོས་སུ་འགོ་འཛུགས་ཐུབ་པའི་འཆར་གཞི་ཡོད་པ་དང་ཁོང་རྣམས་བོད་ས་མཐོ་ནས་རྒྱ་ནག་གི་ས་ཁུལ་ཁག་ནང་གནམ་གྲུའི་ཞབས་ཞུའི་ལས་ཀ་བྱེད་རྒྱུ་ཡིན་པ་རེད།