པེ་ཅིང་དུ་རྒྱ་རིགས་ཡེ་ཤུའི་ཆོས་པ་ཞིག་གར་སོང་མེད་པར་གྱུར་བ།
2008.08.12
༄༅༎རྒྱ་ནག་ནང་ཡེ་ཤུའི་ཆོས་བྱེད་པ་ཧ་ཧུའེ་ཆུ་ཡིས་གཟའ་ཉི་མའི་ཉིན་ཨ་མི་རི་ཀའི་སྲིད་འཛིན་མཆོག་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གི་ཡེ་ཤུའི་ལྷ་ཁང་ཞིག་ནང་ཆོས་གནང་བར་ཕེབས་ས་དེར་རྐང་འཁོར་བཏང་སྟེ་བསྐྱོད་སྐབས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཏེ་ད་ཆར་གར་སོང་ཆ་མེད་དུ་གྱུར་འདུག
ཧ་ཧུའེ་ཆུ་ནི་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་གསང་བའི་ཐོག་ནས་ཡེ་ཤུའི་ཆོས་བྱེད་མཁན་ཚོགས་པའི་ཚོགས་མི་ཞིག་ཡིན་པ་དང་ ཁོང་གི་བུ་སྤུན་ཧུའེ་ཧུའེ་ལིན་ཡིས་གཟའ་ཉི་མའི་ཉིན་ཁོང་དང་ཁོང་གི་གཅེན་པོ་ཧ་ཧུའེ་ཆུ་ཨ་མི་རི་ཀའི་སྲིད་འཛིན་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་ཡུལ་ཀུའན་ཅེ་ཟེར་བའི་ཡེ་ཤུའི་རྙིང་མའི་ལྷ་ཁང་ཕྱོགས་སུ་རྐང་འཁོར་བཏང་སྟེ་བསྐྱོད་སྐབས་སྣུམ་འཁོར་ནག་པོ་གཉིས་ནང་ཡོད་པའི་རྒྱ་མིའི་ཉེན་རྟོག་མི་སྣས་ཁོང་གཉིས་བཀག་འགོག་བྱས་པའི་རྗེས་སུ་སྣུམ་འཁོར་ནག་པོ་རེ་རེའི་ནང་ཁོང་གཉིས་ལོགས་སུ་བླུག་ཏེ་ཁྲིད་པ་དང་ཁོ་རང་ཆུ་ཚོད་གཉིས་ཀྱི་རྗེས་སུ་གློད་བཀྲོལ་བཏང་ཡང་ཁོང་གི་གཅེན་པོ་ཧ་ཧུའེ་ཆུ་ད་ལྟ་གར་སོང་ཤེས་རྟོག་མེད་པར་གྱུར་ཡོད་སྐོར་ཁ་ས་ཨེ་པི་གསར་ལས་ཁང་ལ་བརྗོད་འདུག ཧ་ཧུའེ་ཆུ་ཡིས་ཁོང་གི་གཅེན་པོར་ཨོ་ལིམ་པིག་རྩེད་འགྲན་སྐབས་འདི་ནི་ཚོར་རྣོར་ཆེ་བའི་དུས་སྐབས་ཤིག་ཡིན་པས་ཨ་རིའི་སྲིད་འཛིན་མཆོག་ཕེབས་སའི་ཡེ་ཤུའི་ལྷ་ཁང་དེར་མ་འགྲོ་ཞེས་སློབ་སྟོབ་བྱས་པ་ཡིན་ན་ཡིན་ནའི་མཐའ་མ་ཁོང་གི་གསན་འཇོག་མ་གནང་བར་བརྟེན་ནས་ཁོང་ལ་རོགས་པ་བྱེད་ཕྱིར་མཉམ་དུ་བསྐྱོད་པ་ཡིན་ད་ཆ་ཁོང་གི་གཅེན་པོ་གར་སོང་ཆ་མེད་དུ་གྱུར་བར་ཁོང་རང་སེམས་ཁྲལ་ཆེན་པོ་ཡོད་སྐོར་ཁ་པར་བརྒྱུད་ནས་ཨེ་པི་གསར་ལས་ཁང་ལས་གསུངས་ཡོད་པའི་གནས་ཚུལ་འདུག།