རྒྱ་ནག་གིས་རི་འཛེག་རུ་ཁག་བདམ་ཡོད་པ།
2008.05.06
༄༅༎རྒྱ་ནག་གཞུང་གིས་ ཨོ་ལིམ་པིཀ རྩེད་འགྲན་གྱི་དཔལ་འབར་བོད་ཀྱི་ཇོ་མོ་གླང་མའི་རི་རྩེར་འཁྱེར་མཁན་གྱི་རི་འཛེག་པ་ ༣༦ བདམ་ཡོད་པའི་རུ་ཁག་ཞིག་གཏན་འཁེལ་གསལ་བསྒྲགས་བྱས་ཡོད་པ་རེད།
དེ་ཡང་རྒྱ་ནག་གཞུང་འབྲེལ་ཤིན་ཧྰ་གསར་ཤོག་ཐོག་ལ་རྒྱ་ནག་གི་རི་འཛེག་རུ་ཁག་གི་མགྲིན་ཚབ་པ་ ཀྲང་ཀྲི་ཅན གྱིས་ཇོ་མོ་གླང་མའི་རི་བརྒྱུད་དུ་འདས་པའི་ཉིན་མ་གཉིས་རིང་གངས་ཤུགས་ཆེ་བབས་པ་དང་རླུང་ཤུགས་ཆེན་པོ་རྒྱབ་པའི་རྐྱེན་གྱིས། རྒྱ་ནག་གི་ ཨོ་ལིམ་པིཀ རྩེད་འགྲན་གྱི་དཔལ་འབར་བོད་ཀྱི་ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུའི་དུས་ཚོད་གཏན་འབེབས་བྱས་པ་ནས་དུས་འགྱངས་བྱས་པ་དང༌། ཡིན་ནའང་རིམ་པས་གནམ་གཤིས་ཀྱི་གནས་སྟངས་དྲག་ཏུ་འགྲོ་བཞིན་ཡོད་པ་སོགས་ད་ཆ་གནས་སྟངས་ཚང་མ་བཀོད་སྒྲིག་བྱས་ཟིན་པའི་སྐོར་དང༌། ཨོ་ལིམ་པིཀ དཔལ་འབར་འཁྱེར་མཁན་གྱི་རི་འཛེག་པ་རྣམས་ཀྱིས་ཀྱང་གངས་དང་རླུང་ཤུགས་ཀྱིས་གནོད་འཚེ་བཏང་བའི་རི་གཤམ་གྱི་ཁོང་ཚོའི་བབ་ཚུགས་དང་རི་འཛེག་ཡུལ་དུ་ཐིག་ཐག་འཐེན་པ་རྣམས་བསྐྱར་དུ་བཀོད་སྒྲིག་བྱེད་བཞིན་ཡོད་པའི་སྐོར་བཤད་ཡོད་པ་ལུང་འདྲེན་བྱས་ཡོད་པ་རེད།
ད་དུང་ ཀྲང་ཀྲི་ཅན་གྱིས་དཔལ་འབར་འཁྱེར་མཁན་རི་འཛེག་པ་ ༣༦ ཡོད་པའི་ནང་ནས་བུད་མེད་གསུམ་བཅས་བོད་མི་ ༢༤ ཡོད་ལུགས་དང་། དེ་ལྟར་སྦྱོང་བརྡར་སྤྲོད་བཞིན་ཡོད་པའི་སྐོར་བཤད་འདུག།